རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་ནས《ཐཱན་ཕྱིར་གཏོང་དབང་ཆའི་ཉོ་ཚོང་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ནང་ཐཱན་ཕྱིར་གཏོང་དབང་ཆའི་ཉོ་ཚོང་དང་འབྲེལ་ཡོད་བྱེད་སྒོ་དོ་དམ་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
《སྲོལ་ཡིག》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་ཁུར་མཁན་སྡེ་ཁག་གིས་ཐཱན་ཕྱིར་གཏོང་དབང་ཆའི་ཉོ་ཚོང་དང་འབྲེལ་ཡོད་བྱེད་སྒོའི་ལྟ་སྐུལ་དོ་དམ་ལས་དོན་གྱི་འགན་ཁུར་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་ནས་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་དོན་གྱི་འགན་ཁུར་རྒྱུ་གཏན་འཁེལ་བྱས།
《སྲོལ་ཡིག》ནང་ད་དུང་ཐཱན་ཕྱིར་གཏོང་དབང་ཆའི་ཉོ་ཚོང་དོ་དམ་གྱི་གཞི་རྩའི་ལམ་ལུགས་སྒྲོམ་གཞི་བཙུགས་ནས་ཐཱན་ཕྱིར་གཏོང་གི་གྲངས་འཛིན་རྫུན་བཟོའི་བྱ་སྤྱོད་ལ་དོགས་ཟོན་བྱེད་པ་དང་ཆད་པ་གཅོད་དགོས་པ་བཏོན་ཡོད།
ཤ་བོ་གསེར་མཚོས་བསྒྱུར།