ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2024.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ2པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་རྗེས། ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་དེ་བརྙན་རིས་ཀྱི་རྣམ་པས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་རང་ངོས་ཀྱི་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱེད་པ་དང་། ནན་ཏན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དངོས་འབེབས་བྱེད་དགོས་ལ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བླང་བྱ་གཞིར་བཟུང་སྟེ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་རང་ངོས་ཀྱི་བཅོས་སྒྱུར་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། འཛིན་པ་དགུ་ཡི་ལག་ལེན་རེ་བ་དེ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། ཏང་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་རེ་བར་གོ་བ་ཟབ་མོ་ལེན་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཡང་དག་པའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་གསར་བ་དང་གནས་བབ་གསར་བ་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱེད་ཐབས་དང་ལས་འགན་དངོས་འབེབས་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་གཏིང་ཟབ་ཏུ་སྤེལ་དགོས། བསྟུད་མར་གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་ཀྱི་གནད་དོན་འབུར་ཐོན་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱས་ནས། སྔར་ལས་འགྱུར་མེད་དང་རང་རྟོགས་ཀྱིས་གཏན་འགོག་བཅུའི་སྒྲིག་ལམ་རེ་བ་དངོས་འབེབས་བྱེད་དགོས། རུལ་སུངས་གནད་དོན་ལ་ཆད་གཅོད་ནན་མོ་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་ལ་ལྟ་རྟོག་བྱས་ཏེ། རྩ་ལག་མཉམ་བཅོས་དང་མ་ལག་ལྡན་པའི་བཅོས་སྐྱོང་གཏིང་ཟབ་ཏུ་བྱས་ནས། རུལ་སུངས་གནད་དོན་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་སྲིད་དབང་འཁོར་སྐྱོད་ཚད་ལྡན་འབྱུང་བ་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་སྲིད་འཛིན་ནུས་པ་མཐོར་འདེགས་བྱས་ནས། རུལ་སུངས་འབྱུང་སའི་གཤིན་ས་མཐའ་གཅིག་ཏུ་ཚར་གཅོད་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་སྲ་བརྟན་དུ་ཆགས་པར་བྱེད་པ་དང་ལག་བསྟར་བྱས་ཏེ། མཐའ་གཅིག་ཏུ་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དག་ཐེར་བཅོས་སྐྱོང་བྱས་ཐོག་ཟོལ་མེད་ཀྱིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་འགན་ནུས་སྩོལ་དགོས། ཤུགས་ཆེན་པོས་གྲོན་ཆུང་དར་སྤེལ་དང་རྒྱས་སྤྲས་གཏན་འགོག་བྱེད་པ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན་བྱེད་པ། དཀའ་སྤྱད་འབད་བརྩོན་དང་གྲོན་ཆུང་བྱེད་པའི་བསམ་བློའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱས་ཏེ། དཀའ་སྤྱད་གྲོན་ཆུང་གིས་བྱ་བ་ཡོད་ཚད་སྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་དགོས་ལ། དམིགས་ཚད་དང་བསྟུན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། སྒྲིག་ལམ་གྱི་གཟབ་ནན་རང་བཞིན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་བཏང་སྟེ། ཟོལ་མེད་ཀྱིས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེ་བྲག་ཏུ་དམ་འཛིན་བྱེད་དགོས། ལོ་སར་གྱི་སྐབས་སུ། རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་དངོས་འབེབས་ནན་མོ་བྱེད་དགོས་ལ། གཏན་འགོག་བཅུའི་སྒྲིག་ལམ་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། སྤྱོད་གཙང་དང་བདེ་འཇགས། འཆམ་མཐུན་བཅས་ཀྱི་ལུགས་རྙིང་ལོ་སར་ཅིག་རོལ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ལིས་ཧུང་ཡཱ། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས། ཡུས་ཧྲུའུ་ཁུལ་སྲིད་གཞུང་དང་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། མཚོ་སྔོན་དངུལ་ཁང་བཅས་ཀྱིས་ཚོགས་ཐོག་ནས་གཏམ་བཤད།


བསོད་ནམས་ཚེ་རིང་གིས་བསྒྱུར།