ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་མངགས་བཅོལ་ལྟར་རང་ཞིང་གིས་དུས་རབས་ཀྱི་མིག་དཔེ་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།
2024.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

2024ལོའི་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་དུས་རབས་ཀྱི་མིག་དཔེ་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་ལ། ཟླ2པའི་ཚེས5ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་འཚམས་འདྲི་ཚན་ཆུང་རྩ་འཛུགས་བྱས་ཏེ་རང་ཞིང་གི་དུས་རབས་ཀྱི་མིག་དཔེ་རུ་གྱུར་པའི་བློ་མཐུན་ལེན་ཧྥུའུ་ཀྲང་དང་། བློ་མཐུན་སྐལ་བཟང་གི་ཁྱིམ་མིར་འཚམས་འདྲི་བྱས་ཤིང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་བརྩེ་བའི་སེམས་ཁུར་བརྒྱུད་སྒྲོག་བྱས་པར་མ་ཟད། ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས།

ལེན་ཧྥུའུ་ཀྲང་གི་ཆུང་མ་ཅིན་ཚུན་ལིན་དང་། སྐལ་བཟང་གི་བུ་མོ་ཧྲའོ་ཀོ་ལིས་ཀྱི་ཁྱིམ་དུ། འཚམས་འདྲི་ཚན་ཆུང་གིས་ཁོ་མོ་ཚོའི་བྱ་བ་དང་། འཚོ་བ། ལུས་ཕུང་བདེ་ཐང་གི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། བློ་མཐུན་ལེན་ཧྥུའུ་ཀྲང་དང་བློ་མཐུན་སྐལ་བཟང་གི་སྔོན་ཐོན་མཛད་རྗེས་དང་བླ་མེད་ཀྱི་སྙིང་སྟོབས་ལ་མཉམ་དུ་ཕྱིར་དྲན་བྱས་པར་མ་ཟད། ཁོ་མོ་ཚོར་དུས་ཆེན་གྱི་འཚམས་འདྲི་བྱས། བློ་མཐུན་ལེན་ཧྥུའུ་ཀྲང་དང་བློ་མཐུན་སྐལ་བཟང་གི་ཁྱིམ་མིས་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་གིས་ད་བར་དུ་སེམས་ཁུར་གཅེས་སྐྱོང་གནང་ཞིང་ཡུན་རིང་གི་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། དུས་རབས་ཀྱི་མིག་དཔེ་ཡི་བླ་མེད་སྙིང་སྟོབས་དང་སྤྱོད་བཟང་རྒྱུན་འཛིན་ལེགས་པོ་དང་། དར་སྤེལ་གང་ལེགས་བཏང་སྟེ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་བདེན་མཁས་མཛེས་གསུམ་དར་སྤེལ་གཏོང་བ་དང་། བརྩོན་སེམས་ཆེན་པོས་དུས་རབས་གསར་བར་འབད་པས་བསྐྱོད་དེ། བདེ་སྐྱིད་མཛེས་སྡུག་གི་འཚོ་བ་གསར་བ་བསྐྲུན་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་ཡིན་ཟེར།

དུས་རབས་ཀྱི་མིག་དཔེ་ལ་འཚམས་འདྲི་དང་སྨོན་འདུན་བསྐྱལ་བ་དེས་ཏང་དང་སྲིད་གཞུང་གིས་དུས་རབས་ཀྱི་མིག་དཔེ་ལ་བརྩི་བཀུར་གུས་ཞབས་དང་སེམས་ཁུར་གཅེས་སྐྱོང་བྱེད་པ་མཚོན་ཡོད་ལ། སྤྱི་ཚོགས་ཡོངས་སུ་སྤྱོད་བཟང་བརྩི་ཞིང་ཡ་རབས་ལས་ལ་འཇུག་པའི་རྣམ་པ་སྟུག་པོ་ཞིག་ཆགས་པར་བྱས། འཚམས་འདྲི་ཚན་ཆུང་གིས་དུས་རབས་ཀྱི་མིག་དཔེ་ཡི་སྔོན་ཐོན་མཛད་རྗེས་དང་བླ་མེད་སྤྱོད་བཟང་དྲིལ་སྒྲོག་དང་དར་སྤེལ་བཏང་སྟེ། དུས་རབས་གསར་བའི་དཔའ་བོའི་བསྟོད་གླུ་མཉམ་དུ་ལེན་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་མིག་དཔེའི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས་ལ། དངོས་སྒྲུབ་ཁག་ཁུར་དང་ལས་བསྐྲུན་བྱས་རྗེས་བཞག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།