ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚེས5ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་པའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་ལོ་སར་ལ་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་ཞུས།
ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་སོ་སོའི2023ལོའི་བྱ་བར་ཁས་ལེན་བྱས་པར་མ་ཟད། 2024ལོའི་བྱ་བར་རེ་བ་བཏོན། ཁོང་གིས་བསྟན་དོན། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ངེས་གནས་ཡང་དག་དང་ཁ་ཕྱོགས་གསལ་བོ་བཙལ་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་ཡག་པོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ཀྱི་གཏིང་ཟབ་པའི་ནང་དོན་དང་ལས་འགན་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཕྱོགས་ཡོངས་ནས་སློབ་གསོ་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གསོའི་སྤྱོད་ཚུལ་བཟང་བོ་འཛུགས་སྐྲུན་བྱེད་དགོས། ཆོས་ལུགས་འཇོན་མིའི་བྱང་ཚད་ཇེ་མཐོར་བཏང་སྟེ་ཚད་དང་མཐུན་པའི་རྒྱལ་གཅེས་ཆོས་ལུགས་ཀྱི་འཇོན་མི་སྔར་ལས་མང་བོ་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་དང་སྲིད་གཞུང་གིས་ཆོས་ལུགས་བྱ་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སེམས་ཁུར་བྱེད་ཀྱིན་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆོས་ལུགས་ལས་རིགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ་དང་། རྣམ་པ་སྣ་ཚོགས་ཀྱི་འཚམས་འདྲི་བྱས་ཏེ་དྲོད་སྐྱིད་སྐྱེལ་བའི་བྱེད་སྒོ་སྤེལ་ནས་སྤྲོ་སྣང་དང་འཆམ་མཐུན་གྱི་ལོ་སར་ཞིག་རོལ་ཐུབ་པར་འགན་སྲུང་བྱེད་དགོས།
ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས། ཀྲུང་གོ་ཡེ་ཤུ་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་པས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།
ཤ་བོ་གསེར་མཚོས་བསྒྱུར།