ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཟླ2པའི་ཚེས6ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་རྒྱ་སྐྱེད་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་པར་རྒྱུན་མ་ཆད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་དང་། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་གཟིགས་རྒྱང་རིང་ཞིང་རྩ་གནད་དམ་འཛིན་བྱས་པ་དང་། གཏིང་ཟབ་ཅིང་གནད་ལ་འཁེལ་ལ། སློབ་སྦྱོང་བྱེད་པ་བཞིའི་ཡུན་ཕན་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པའི་སྤྱིའི་རེ་བ་ལྟར། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་གོ་རིམ་ཧྲིལ་བོའི་ཤུགས་ཡོད་མཛུབ་སྟོན་འོག ཞིང་ཆེན་ཏང་ཨུས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལག་ལེན་གྱི་འདྲེན་བྱེད་དུ་བྱས་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་ཁྲི་གཉིས་དང་སྟོང་གཉིས་དང་ཏང་ཡོན་འབུམ་བཞི་དང་ཁྲི་བཞི་སྟོང་བཞིའི་ཆབ་སྲིད་ཇེ་བརྟན་དུ་གཏོང་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་བཟང་བོར་སྒྲུབ་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་བཟང་དུ་གཏོང་བར་སྐུལ་འདེད་བཏང་བས། བསླབ་ནས་བློ་སྦྱོང་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་བསླབ་ནས་རིག་སྟོབས་སྤེལ་བའི་ཐད་ནས་མཐོར་འདེགས་སོང་ལ། བསླབ་ནས་སྤྱོད་བཟང་སྐྱོང་བའི་ཐད་ནས་སྣང་བརྙན་གསར་བ་མངོན་ཞིང་། བསླབ་ནས་ལས་ལ་སྐུལ་བའི་ཐད་ནས་ཡར་ཐོན་གསར་བ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལག་ལེན་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཁྱེན་རྒྱ་ཡངས་པ་ར་སྤྲོད་བྱས་ལ། དགོངས་པ་སློབ་སྦྱོང་ཇི་ལྟར་བྱས་ན་ཁ་ཕྱོགས་དེ་ལས་གསལ་བ་དང་། རྒྱུས་ལོན་ཅི་འདྲ་བྱས་ན་ཡིད་ཆེས་དེ་ལས་བརྟན་ཞིང་། ལག་བསྟར་ཇི་ལྟར་བྱས་ན་སྟོབས་ཤུགས་དེ་ལས་ཆེན་པོ་ལྡན་པས། ངེས་པར་དུ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་བསམ་གཞིགས་མང་བོ་གཏོང་བ་དང་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དེའི་ཚིག་ཤེས་དགོས་པར་མ་ཟད་དེའི་ནང་དོན་ཡང་རྟོགས་པར་བྱེད་པ་དང་དེ་འདྲ་ཡིན་པ་ཤེས་དགོས་པར་མ་ཟད་དེ་འདྲ་ཡིག་ལུགས་ཀྱང་ཤེས་པར་བྱས་ན། ད་གཟོད་གཞུང་ལུགས་ཀྱི་བློ་སྦྱོང་མཐོར་འདེགས་དང་ཕུགས་འདུད་ཡིན་རྟོན་ཇེ་བརྟན། གོ་རྟོགས་ཡུལ་ཁམས་ཇེ་ཟབ། ནུས་པ་འཇོན་ཐང་ཇེ་དྲག་བཅས་སུ་གཏོང་ཐུབ་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་སྦྲེལ་དང་ཆོས་དད་སྦྱོར་གསུམ་གཅིག་གྱུར་བྱེད་ཐུབ་པས། ངེས་པར་དུ་ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་རང་སྣང་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པར་སྣེ་ཁྲིད་བྱེད་པ་དང་། བསམ་བློའི་སྟེང་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བས་འཕེལ་ཡོང་བར་བྱེད་པ། དྲང་ཕྱོགས་ཀྱི་ནུས་ཚད་དང་སྙིང་སྟོབས། ངར་སེམས་གསོག་སྐྱེད་བྱས་ན། ད་གཟོད་གུང་ཁྲན་ཏང་མིའི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་ཐུབ། ངེས་པར་དུ་གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་བཅད་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ལེགས་འཚོ་བ་བསྐྲུན་པའི་གནས་ཚུལ་གསར་བར་བརྟེན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་ཐུབ་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་ཐུབ།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་དཔུང་སྡེའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་ཧ་ཅང་མཐོང་ཆེན་བྱེད་པ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་པ། ཐག་གཅོད་པར་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོས་བསྐྱེད་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དམ་འཛིན་བྱེད་པ་དང་། དགོངས་པ་སློབ་རྒྱུ་དེ་མི་ཚེ་གང་བོའི་ངེས་སྦྱོང་སློབ་ཚན་དུ་བརྩི་བ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སློབ་སྦྱོང་སློབ་གསོའི་འཆར་གཞི་ལག་བསྟར་ཟབ་མོ་བྱེད་པ། ཆེ་ཁྲོད་ཆུང་མཐོང་དང་ཆུང་ཁྲོད་ཆེ་མངོན་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེར་བསྐྱེད་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བའི་སློབ་གསོར་རྒྱུན་མཐུད་ངང་ཤུགས་སྣོན་པ། མི་འདེམས་མི་བཀོལ་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་ལས་བྱེད་པས་མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོ་རུ་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་དགོས། དམིགས་འབེན་གྱི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱུན་མཐུད་ངང་བརྟག་དཔྱད་ཞིབ་འཇུག་བྱེད་པ། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་སྐོར་ཞིག་ཐག་བཅད་དེ། མང་ཚོགས་ལ་སེམས་ཁུར་བྱེད་པ་དང་མང་ཚོགས་ལ་བཅངས་པའི་བརྩེ་སེམས་དེ་འགན་སྒྲུབ་བྱེད་པའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་ནས་མངོན་པར་བྱེད་དགོས། ཏང་ཕྱོགས་ཡོངས་ནས་རྒྱུན་མཐུད་ངང་བཅོས་སྐྱོང་ནན་མོ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གྱི་དཔེ་གཞིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་སྤྱོད་ཚུལ་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་ཏན་ཏིག་གིས་སྤེལ་བ། གཅིག་བསྡུས་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་སྤེལ་བར་ཇུས་འགོད་བྱེད་པ། རང་གཅུན་ནན་མོ་བྱེད་པ་དང་འགན་ནན་མོ་ཁུར་བ། ཁོངས་གཏོགས་ས་ཆར་དོ་དམ་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པའི་གྲུབ་འབྲས་གསར་བས་མཐོ་ས་དང་གནས་བཞི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
ཝང་ཅུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་རྒྱུས་ལོན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་སྙིང་གཙོ་ཐིག་ལ་དམ་དུ་དམིགས་ནས། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་བཀོད་སྒྲིག་རེ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱས་པ་དང་། བརྗོད་དོན་སློབ་གསོའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་བ་དང་། རྒྱུན་མཐུད་ངང་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཏེ། གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་བསམ་བློའི་གཞི་རྩ་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། དངོས་སྒྲུབ་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་བྱེད་པའི་ཁྲིད་ཕྱོགས་སྔར་ལས་ཇེ་བརྟན་དུ་བཏང་ལ། དམིགས་འབེན་གྱི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་བདེ་སྣང་སྔར་ལས་ཇེ་མཐོར་བཏང་། ཆབ་སྲིད་ཀྱི་སྒྲིག་ལམ་ཇེ་དམ་དུ་བཏང་བ་དང་། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་སྔར་ལས་སྲ་བརྟན་དུ་བཏང་། ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་ལྟར། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སེམས་ཁོང་དུ་སིམ་པ་དང་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་ཁ་ཕྱོགས་གསལ་བར་བྱེད་པ། བྱེད་ཐབས་སློབ་པ། རིག་སྟོབས་སྤེལ་བ། གཏིང་ཟབ་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱིས་ཏང་སྲོལ་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་གཏམ་བཤད་སྤེལ་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྗོད་དོན་སློབ་གསོའི་རྗེས་མཐུད་བྱ་བ་དམ་འཛིན་བྱེད་པ། རྒྱུན་མཐུད་ངང་དག་ཐེར་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་སྒྲིག་འཛུགས་ལུགས་སྐྲུན་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ། གཅིག་བསྡུས་རང་བཞིན་གྱི་སྒྲིག་ལམ་སློབ་གསོ་སྤེལ་བར་ཇུས་འགོད་བཟང་བོ་བྱེད་པ། ཆབ་སྲིད་ཀྱི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དེ་ལས་སྒྲུབ་ལས་སྐྲུན་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་དགོས།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་དང་། མཛུབ་སྟོན་ཚན་ཆུང་གི་ཁོངས་མི། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ལོའུ་ཀང་བཅས་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།