ཏེན་ཞུའེ་ཞང་གིས་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏི་ལ་མཇལ་འཕྲད་གནང་།
2024.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ2པའི་ཚེས6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏི་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ནོར་ཝེའི་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་པས་ཕྱོགས་གཉིས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་ནོར་ཝེ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་པར་མ་ཟད། ནོར་ཝེ་ཡིས་ཀྲུང་གོའི་ཁེ་ལས་ལ་སྒོ་མོ་འབྱེད་པ་དང་། དྲང་བདེན་དྲང་གཞག་དང་མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་མཁོ་འདོན་བྱ་རྒྱུར་རེ་བ་བྱེད་བཞིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་ཁོར་ཡུག་བཅོས་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་འཛམ་གླིང་ཧྲིལ་པོའི་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་སྔར་ལས་ལེགས་སྐྱེས་འབུལ་འདོད་ཡོད་ཟེར།

ཨའེ་ཏི་ཡིས་བསྟན་དོན། ནོར་ཝེ་ཡིས་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ཁྲོད་དུ་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད། ནོར་ཝེ་དང་ཀྲུང་གོའི་རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་བསྣན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཟེར།