ཟླ2པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁཱ་ཞི་ཟི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་འདོམས་འོག་ཏུ། ཀྲུང་གོ་དང་སུའེ་ཙེར་གྱིས་གསར་གཏོད་མཚོན་རྟགས་ཡིན་པའི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་བཅས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀས་ཀྲུང་གོ་དང་སུའེ་ཙེར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དང་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་བཏོན་ནས། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཁཱ་ཞི་ཟི་ཡིས་སུའེ་ཙེར་ཕྱོགས་ཀྱིས་དུས་རྣམ་ཀུན་ཏུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། རིམ་པ་སོ་སོའི་བར་འགྲོ་འོང་ཧུར་ཐག་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།