ཟླ2པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དབྱིན་ཇིའི་སྡེ་ཚོགས་དང་སྤྲོ་སྐྱིད་ཁང་ཞེ་བརྒྱད་ཀྱི“དར་གཤག་མཁན”ཞེས་པའི2024ལོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོར་གློག་འཕྲིན་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས།
ལིས་ཆང་གིས་དུས་ཡུན་རིང་བོའི་ནང་། དབྱིན་ཇིའི་སྡེ་ཚོགས་དང་སྤྲོ་སྐྱིད་ཁང་ཞེ་བརྒྱད་ཀྱིས། ཀྲུང་གོ་དང་དབྱིན་ཇིའི་བར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གང་ལེགས་བཏང་ནས། གཉིས་ཕན་གཉིས་རྒྱལ་ལ་སྐུལ་འདེད་བཏང་བ་དང་ཕན་ཚུན་བར་རྒྱུས་ལོན་བྱེད་ཚད་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། དབྱིན་ཇིའི་རྒན་རབས་མཛའ་མཐུན་མི་སྣས་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་མྱོང་བ་དུས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀས་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི། ཕྱོགས་གཉིས་ཀའི་རྩ་བའི་ཁེ་ཕན་དང་མཐུན་ལ། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་ཕན་པ་ཡོད་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་གསལ་བོ་བྱས་ཡོད། ཀྲུང་གོ་དང་དབྱིན་ཇིའི་ལས་རིགས་སོ་སོའི་ཤེས་ལྡན་པས་འཁྱག་དར་གཤག་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མུ་མཐུད་དུ་བྱ་སྤྱོད་ནུས་ལྡན་སྤེལ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཀྲུང་གོ་དང་དབྱིན་ཇིའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།