ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས་ལུགས་རྙིང་ལོ་སར་བསུ་བའི་ལྷན་འཛོམས་ཚོགས་འདུ་བསྡུས། ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་འཐུས་མིས་མཉམ་དུ་ལུགས་རྙིང་ལོ་སར་བསུས་ནས་མཛེས་སྡུག་གི་མ་འོངས་པར་མཉམ་དུ་གླེང་མོལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ཞིང་། མཚོ་སྔོན་གྱིས་མེས་རྒྱལ་དང་མཉམ་དུ་སྤྲོ་དགའ་དང་བརྩེ་བ་སེམས་ཁོང་དུ་རུམ་ནས་སེམས་གསོ་དང་ཡིད་འགུལ་སེམས་གཏིང་དུ་ཉར་ཡོད། ལོ་གཅིག་གི་ནང་དོན་ཆེན་མང་ཞིང་དཀའ་གནད་མང་བོ་ཡོད་ལ། དཀའ་ཁག་རེ་རེ་བཞིན་དུ་ཁྱད་བསལ་བྱས་ཡོད་པ་དང་། འཕྲད་པའི་དཀའ་ཁག་སྔོན་དཔག་ལས་ཆེ་བ་དང་བླངས་པའི་གྲུབ་འབྲས་ཀྱང་སྔོན་དཔག་ལས་བཟང་བོར་མངོན། དེ་ནི་འོད་སྣང་སྙེག་པའི་ལམ་གྱི་སེམས་ཤུགས་བརྟན་པོ་དང་ཆར་རླུང་གདོང་གིས་བསུ་བའི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་པ་ཡིན།
ཁྲིན་ཀང་གིས་བཤད་རྒྱུར། ལོ་གཅིག་གི་ལོ་ཟླར་ཕྱིར་དྲན་དང་མྱོང་རོལ་བྱས་ན། སྟོབས་ཤུགས་ཤིག་གིས་ང་ཚོ་མདུན་དུ་བསྐྱོད་པར་བསྐུལ་བ་དང་། དེ་ནི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིན་ལ། ལས་འགན་དང་ཁག་ཁུར་ཡིན། འཚོལ་སྙེག་དང་འབད་འཐབ་ཡིན་ལ། ཁྲག་རྒྱུན་དང་དཔའ་སྤོབས་ཡིན། སྟོབས་ཤུགས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ཐུགས་ཁུར་དང་མངགས་བཅོལ་ལས་བྱུང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གདོང་མཆོང་དུང་བརྡ་དང་དམག་སྐུལ་གྱི་རྔ་སྒྲ་ལས་བྱུང་བར་མ་ཟད། ང་ཚོའི་སེམས་ཁོངས་ཀྱི་འགན་འཁྲི་དང་ཕྲག་སྟེང་གི་ཁག་ཁུར་ལས་བྱུང་བ་ཡིན་པས། མདུན་ཕྱོགས་ཀྱི་འོད་སྟོང་འབར་བའི་གཟི་མདངས་དང་ལྟག་རྒྱབ་ཀྱི་དྲོད་ཁོལ་འཁྱིལ་བའི་གནས་དེ་མངོན་པར་བྱས་ཡོད།
ཁྲིན་ཀང་གིས་བཤད་རྒྱུར། རི་དང་མཚོ་མོ་འཕྲེད་ཀྱིས་བཅད་ཅིང་ཕུགས་འདུན་བསྙེགས་ནས་མདུན་སྐྱོད་བྱེད་ལ། དངོས་སྒྲུབ་ཀྱིས་བྱ་གཞག་འགྲུབ་པར་བྱས་ཡོད་པ་དང་། དཔྱིད་དབྱར་ནས་སྟོན་དགུན་བར་དཀའ་སྤྱད་བྱས་ཏེ་ཆེས་མཛེས་སྡུག་ལྡན་པའི་འབྲས་བུ་ཐོབ་ཡོད་ལ། ལག་བསྟར་བདེན་དཔང་བྱས་ནས་ཇུས་གཞི་དེ་དོན་དངོས་ཀྱི་རྣམ་པར་གྱུར་ཡོད། བདེ་སྐྱིད་གང་ཡིན་རུང་འབད་འཐབ་ལས་ཐོན་པ་ཡིན་ཞིང་། ང་ཚོས་འབད་འཐབ་ཀྱིས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་རི་ཆུ་ཁྲི་སྟོང་བརྒལ་ཡོད། ང་ཚོས་མུ་མཐུད་དུ་འབད་འཐབ་བྱེད་པ་དང་དཀའ་སྤྱད་མདུན་སྐྱོད་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས། ལོ་གཅིག་གི་དཔྱིད་ཀྱི་དུས་ཚིགས་གཙོ་ཞིང་བྱ་བ་གང་ཡིན་ལག་ལེན་དུ་བསྟར་བ་གལ་ཆེ་བས། དཔྱིད་ཀྱི་དུས་སུ་འགོ་ལེགས་པོར་བརྩམས་ནས་འབད་འཐབ་ཆེན་པོས་རྣམ་པ་གསར་བ་བསྐྲུན་དགོས།
ཁྲིན་ཀང་གིས་བཤད་རྒྱུར། ཆེས་མཛེས་པའི་ཡུལ་ལྗོངས་རི་བོའི་རྩེ་རུ་ཡོད་པས། རི་བོའི་ཡང་རྩེ་བསྙེག་ན་ད་གཟོད་མཛེས་པའི་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ། མགོ་བོ་ཡར་དགྱེས་ན་བྱང་སྐར་སྔར་བཞིན་འོད་དུ་འཚེར་ཞིང་། དོན་དངོས་གཙིགས་སུ་བཟུང་ན་མཛེས་སྡུག་འཚོ་བ་མདུན་ཕྱོགས་སུ་ཡོད། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རང་རྟོགས་བྱ་སྤྱོད་ཀྱིས་དམངས་སེམས་གཅིག་སྒྲིལ་གྱི་སེམས་སྒྲ་སྒྲོག་ཏུ་འཇུག་པ་དང་། དམངས་སེམས་གཅིག་ཏུ་སྒྲིལ་བའི་སེམས་འདུན་དབྱངས་སུ་གྱེར་དུ་བཅུག་སྟེ། འབད་འབུངས་ཡར་བརྩོན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ལ་ཁ་ཕྱོགས་ནས་ལམ་དུ་ཆས་དགོས་ཤིང་། མཐུན་སྒྲིལ་འབད་འཐབ་ཀྱི་མིང་ཐོག་ནས་རླབས་ཆེ་བའི་དུས་རབས་འདིར་གུས་འདུད་ཞུས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་འོད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པའི་ཡན་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། དམངས་གཙོ་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ། དམངས་གཉེར་ཁེ་ལས་པ། ཀུན་སྤྱོད་དཔེ་ལེགས་པ། ངལ་རྩོལ་དཔེ་ལེགས་ཅན། བཅིངས་འགྲོལ་དམག་གི་དཔོན་དམག མེ་གསོད་མྱུར་སྐྱོབ་བཀོད་འཐབ་པ། གནོད་ཐེབས་ས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འཐུས་མི་བཅས་ལོ་སར་གྱི་ལྷན་འཛོམས་ཚོགས་འདུར་ཞུགས་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།