ཟླ2པའི་ཚེས7ཉིན། ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཏང་ཕྱིའི་མི་སྣ་དང་མཉམ་དུ་ལོ་སར་བསུས།
ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས7ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ་དང་ལྷན་འཛོམས་བྱས་ནས། མཉམ་དུ་ལུགས་རྙིང་ལོ་སར་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཅས་བྱ་འགུལ་ལ་ཞུགས།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧའོ་མེན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅང་ཙོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཀྲུང་གོ་ཐའེ་ཝན་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ་ཐའོ་ཀྲི་སོགས་གདན་ཞུ་ལྟར་བྱ་འགུལ་ལ་ཞུགས། ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧོའུ་ཧྭ་དང་ལེང་ཀྲིན་དབྱིན། འགོ་ཁྲིད་ཀྱི་ལས་རྐང་ལས་བུད་པའི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་ཟུར་པ། ཀྲུའུ་ཞི་གཞོན་པ་དང་པོ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་གདན་ཞུ་ལྟར་བྱ་འགུལ་ལ་ཞུགས།
ཧའོ་མེན་ཅིན་གྱིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཁོས་བསྟན་དོན། འདས་ཟིན་པའི2023ལོར། རྙོག་འཛིང་ཛ་དྲག་གི་གནས་བབ་དང་དཀའ་ཁག་འགྲན་རྩོད་མང་བོར་ཁ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བོས་སྤྱི་ཡོངས་ལ་སྤྱི་འདོམས་བྱས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་ངལ་གདོང་གིས་བསུས་པ་དང་གནོན་ཤུགས་ལ་ཁ་གཏད་འཇལ་ཞིང་། ངར་སྐྱེད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་བསྒྱུར་བ་དང་། དུས་རབས་གསར་བའི་ཀྲུང་གོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ལ། རླབས་ཆེན་གྱི་ཕུགས་འདུན་ཐད་གོམ་པ་རེ་རེ་བཞིན་སྤོ་བཞིན་པའི་སྒང་ཡིན། ལོ་གསར་བའི་ནང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།
ཧའོ་མེན་ཅིན་གྱིས་ཤིས་ཚིག་ཕུལ་བར་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། 2023ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན་པ་དང་། ལོ་གཅིག་གི་རིང་ལ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པ་དང་། ནང་ཁུལ་གྱི་དཀའ་ངལ་ཁྱད་སེལ་བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་གོང་སྤེལ་ལ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་སྔོན་དཔགས་དམིགས་འབེན་མངོན་འགྱུར་བྱས་ལ། འགོ་བརྟན་བརླིང་ངང་བརྩམས་པ་དང་ཁྱད་ཆོས་མང་བོ་མངོན། ང་ཚོས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དཀའ་གནད་ཐག་བཅད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཁོག་ནས་སླར་འཕར་ལེགས་སྒྱུར་ཡོང་བར་སྐུལ་འདེད་བཏང་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱིའི་གྲངས་ཚད་སྒོར་ཁྲག་ཁྲིག་ཆེན་མོ་བརྒྱ་དང་ཉེར་དྲུག་ལས་བརྒལ་ལ། ལས་ཞུགས་དང་དངོས་གོང་སྤྱིའི་ཆ་ནས་བརྟན་འཇགས་ཡིན། ང་ཚོས་རིགས་གསར་བའི་རྒྱལ་ཡོངས་ཀྱི་སྒྲིག་གཞི་མྱུར་དུ་འཐུས་ཚང་དུ་བཏང་བ་དང་། ཚན་རྩལ་གསར་གཏོད་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱས་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་རྒྱུད་ས་ཁུལ་གྱི་རྩེ་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ཐད་ནས་ཤན་ཤུགས་དང་འགུག་ཤུགས། གསར་བཟོ་ནུས་ཤུགས་སྔར་ལས་ཆེན་པོ་མངོན། ང་ཚོས་ཕན་ནུས་ལྡན་པའི་སྒོ་ནས་ཧྭ་པེ་དང་བྱང་ཤར་གྱི་ཆུ་ལོག་དང་། ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ། ཞིན་ཅང་གི་ས་ཡོམ་སོགས་རང་བྱུང་གནོད་འཚེ་ཆེན་པོ་རབ་དང་རིམ་པར་ཁ་གཏད་འཇལ་བ་དང་། ཁྲིན་ཏུའུ་ཡི་འཛམ་གླིང་གི་སློབ་གྲྭ་ཆེན་མོ་པའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་ནས། རང་རྒྱལ་གྱི་ལུས་རྩལ་པ་ཚོས་ཡང་བསྐྱར་གྲུབ་འབྲས་བཟང་བོ་བསྐྲུན། གྲུབ་འབྲས་དེ་དག་ལེན་ཐུབ་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་མཇུག་འབྲས་ཡིན་ལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་དང་བཅས་པའི་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་སོ་སོས་སྙིང་རུས་ཆེན་པོས་བརྩོན་ལེན་དང་མཉམ་དུ་འབད་འཐབ་བྱས་པའི་མཇུག་འབྲས་ཀྱང་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སེམས་སྒྲིལ་བློ་སྐྱེད་བྱས་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་སྒོས་སྐྱོད་ལམ་གསར་བ་འབད་པས་བསྐྱོད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་སྒོས་སྤེལ་ལ། ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་འབོད་སྐུལ་བསྒྲགས་ནས་ལོ་ངོ་དོན་ལྔ་འཁོར་བར་རྗེས་དྲན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཤིང་། ཆབ་སྲིད་ཀྱི་སྦྲེལ་མཐུད་ཇེ་ཟབ་ཏུ་བཏང་སྟེ། ཏང་མང་མཉམ་ལས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཐུན་མོང་ལྟ་བ་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་། ཚང་མས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དང་དཀའ་གནད་གཙོར་བཟུང་ནས་བློ་འདོན་ཇུས་འབུལ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། རྒྱལ་ཡོངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ས་གནས་ལ་གཞོགས་འདེགས་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་དབང་མིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་ཐད་བྱ་བ་མང་པོ་བསྒྲུབས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་ཚང་མར་བཀའ་དྲིན་ཞུས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2024ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ཀྱིས་བརྟན་འཇགས་ལ་སྐུལ་བ་དང་སྔོན་འཛུགས་རྗེས་གཏོར་གྱི་རེ་བ་ལག་བསྟར་བྱེད་པ། དཔལ་འབྱོར་བསྐྱར་འཕར་ལེགས་སྒྱུར་གྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དང་ཇེ་བཟང་དུ་གཏོང་བ། དཔལ་འབྱོར་ཐད་ནས་རྒྱུ་སྤུས་ཀྱི་མཐོར་འདེགས་དང་གྲངས་ཚད་ཀྱི་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ། བརྟན་བརླིང་དང་བདེ་ཐང་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པ་དང་། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་སྲིད་གླེང་། དམངས་གཙོ་ལྟ་སྐུལ། རང་ངོས་འཛུགས་སྐྲུན་སོགས་ཕྱོགས་ནས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན་པ་སྟེ། གཅིག་ནས་ལམ་ལུགས་རང་རྟོན་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་བ་རྒྱུན་འཁྱོངས་དང་འཕེལ་རྒྱས། འཐུས་ཚང་དུ་གཏོང་དགོས། སྲིད་ཏང་གྲོས་མོལ་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། སྲིད་གླེང་ཇུས་འབུལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་དམངས་གཙོ་ལྟ་སྐུལ་སྤེལ་བ། དགེ་མཚན་ནུས་པ་འདོན་སྤེལ་བྱེད་པའི་སྟེགས་བུ་དང་འདྲེན་བྱེད་རྒྱ་བསྐྱེད་དེ། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་བའི་ཕན་ནུས་མཐོར་འདེགས་གཏོང་དགོས། གཉིས་ནས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ལས་འགན་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམིགས་ནས་མུ་མཐུད་དུ་རྟོག་ཞིབ་ཟབ་མོ་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་བློ་འདོན་ཇུས་འབུལ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས་ནས། ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་ལྟ་བ་གླེང་དགོས། གསུམ་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། རང་ངོས་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ལས་འགན་གཙོ་བོ་ནི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། སྲིད་གཙང་འཛུགས་སྐྲུན་དང་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བསམ་བློ་སྤྱོད་ཚུལ་དང་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱས་ནས། འགན་སྒྲུབ་ནུས་པ་དང་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་གཏོང་དགོས།
བཞུགས་མོལ་གྱི་རྗེས་སུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་གསར་རྙིང་དང་། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ་སོགས་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།
ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བྱེད་སྒོར་ཞུགས།
རིན་ཆེན་མཚོས་བསྒྱུར།