2024ལོའི་ལུགས་རྙིང་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ངལ་རྩོལ་དཔེ་ལེགས་ཅན་དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད། ཟི་ལིང་དུ་ཡོད་པའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ལཱ་པེན་ལིས་དང་ཅཱ་གོ་མེན། ཝུའུ་ཧེ་ཁུན་བཅས་དང་དེ་མིན་ཞིང་ཆེན་རིམ་པའི་ལས་བྱེད་རྒན་པ་འགའི་བཟའ་ཟླར་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གི་བརྩེ་བའི་འཚམས་འདྲི་བརྒྱུད་བསྒྲགས་བྱས་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་ཁོ་ཚོའི་ལུས་ཕུང་བདེ་ཐང་དང་འཚོ་བ་བདེ་སྐྱིད། ལོ་སར་ལ་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུས།
མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་ལུའུ་ཕིན་ལ་འཚམས་འདྲི་བྱེད་སྐབས། ཝང་ལིས་མེན་གྱིས་ཁོའི་བྱ་བ་དང་འཚོ་བའི་གནས་ཚུལ་དྲིས་པ་དང་། ལུའུ་ཕིན་གྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ལུའུ་ཕིན་གྱིས་མུ་མཐུད་དུ་གདོང་མཆོང་དཔེ་སྟོན་དང་སྣེ་ཁྲིད་སྐུལ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་ཀྱི་ལས་བཟོ་པ་སྔར་ལས་མང་བོས་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་མ་གཏོང་རྒྱུའི་རེ་བ་བཏོན། མཱ་ཧྥང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཧུང་ལིན་ལ་འཚམས་འདྲི་བྱེད་སྐབས། ཝང་ལིས་མེན་གྱིས་མཱ་ཧྥང་སྡེ་བའི་ཐོན་ལས་འཕེལ་རྒྱས་དང་སྡེ་དམངས་ཀྱི་ཡོང་སྒོ་སོགས་ཐད་ཀྱི་གནས་ཚུལ་ཞིབ་ཏུ་དྲིས་པ་དང་། ཀྲང་ཧུང་ལིན་གྱིས་གྲོང་གསེབ་དར་སྤེལ་ཐད་འབད་འཐབ་བྱས་པ་དང་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ཁོས་མུ་མཐུད་དུ་སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཱ་ཧྥང་སྡེ་བ་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་བདེ་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ཡོད། འཚོ་བ་ཕྱུག་འགྱུར་བཅས་ཀྱི་སྡེ་བ་གསར་བ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།
ཞིང་ཆེན་རིམ་པའི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱེད་སྐབས། ཝང་ལིས་མེན་གྱིས་བློ་མཐུན་རྒན་པ་དང་བརྩེ་བའི་བརྗེ་རེས་བྱས་པ་དང་། ཁོ་ཚོའི་ལུས་ཕུང་བདེ་ཐང་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད། ཁོ་ཚོའི་བསམ་འཆར་དང་གྲོས་གཞིར་ཞིབ་ཏུ་ཉན་ནས་ཚང་མ་དང་མཉམ་དུ་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་མཛེས་སྡུག་གི་མ་འོངས་པ་གླེང་ལ། བློ་མཐུན་རྒན་པ་རྣམས་ཀྱིས་སྔོན་དང་འདྲ་བར་དམངས་ཆེན་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བློ་འདོན་ཇུས་འབུལ་བྱེད་དགོས་པའི་རེ་བ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།