ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཞི་རིམ་དུ་བསྐྱོད་དེ། མཚོ་སྔོན་བཅའ་སྡོད་དམག་དཔུང་གི་དཔོན་དམག་དང་། གཟིགས་སྐྱོང་བྱ་ཡུལ། འཐབ་ཕྱོགས་དང་པོའི་ལས་བཟོ་པ། ཏང་ཕྱིའི་མི་སྣ། ཆེད་ལས་མཁས་པ་སོགས་ལ་འཚམས་འདྲི་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མར་ཏང་དང་སྲིད་གཞུང་གི་སེམས་ཁུར་དྲོན་མོ་བསྐྱལ་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས།
ཟི་ལིང་མཉམ་འབྲེལ་ལས་སྲུང་འགན་སྲུང་ལྟེ་གནས་སུ། ཝུའུ་ཞའོ་ཅུན་གྱིས་དམག་དཔུང་གི་དཔོན་དམག་དང་བཞུགས་མོལ་བརྗེ་རེས་བྱས་ནས། ཚང་མས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་ཁ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བཏང་བ་དང་། གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། མཐའ་གཅིག་ཏུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། མུ་མཐུད་དུ་དམག་སྟོབས་དམག་དར་གྱི་ཐད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་གནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་བཅའ་སྡོད་དམག་དཔུང་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། དམག་དམངས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོག་མཐའ་བར་གསུམ་དུ་དམག་སྲིད་དམག་དམངས་མཐུན་སྒྲིལ་དམ་པོ་ཡོང་བར་བྱ་རྒྱུ་ཡིན།
ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ལིས་ཁང་རོས་ཅུའུ་གཞིས་ཁུལ་དུ་གཟིགས་སྐྱོང་བྱ་ཡུལ་དབྱང་ཧྲིན་ཀྲིན་ཚང་དུ། ཝུའུ་ཞའོ་ཅུན་གྱིས་མོར་ཁ་བརྡ་བྱས་ཤིང་། ཁྱིམ་ཚང་དང་འཚོ་བའི་གནས་ཚུལ་ཞིབ་མོར་དྲིས། ཁོས་ཁྱེད་དང་ཁྱེད་ཀྱི་ཁྱིམ་མིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས། ང་ཚོས་ནམ་ཡང་སེམས་སུ་བཟུང་ཡོད་ཅེས་བཤད་ལ། མོའི་ལུས་ཕུང་ལ་བདག་སྐྱོང་བཟང་བོ་བྱེད་དགོས་པའི་སྐུལ་མ་གནང་བར་མ་ཟད། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ལ་གཟིགས་སྐྱོང་བྱ་ཡུལ་དང་རྒན་པའི་ཞབས་ཞུའི་འགན་སྲུང་བྱ་བ་སེམས་ཤུགས་དང་བརྩེ་བ་ལྡན་པའི་ངང་བཟང་བོར་སྒྲུབ་ནས། ཁོ་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་དང་བདེ་ཐང་ཡོང་དུ་འཇུག་དགོས་པའི་རེ་བ་བཏོན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་སྤྱི་སྤྱོད་ཞབས་ཞུའི་ལྟེ་གནས་སུ། ཝུའུ་ཞའོ་ཅུན་གྱིས་ཞབས་ཞུ་ལྟེ་གནས་ཀྱི་ལས་གཉེར་དོ་དམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། འཐབ་ས་དང་པོའི་ཁོར་སྲུང་ལས་བཟོ་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། ཁྱོད་ཚོ་ནི་གྲོང་ཁྱེར་གྱི་མཛེས་བཟོ་མཁན་རེད། ཁྱོད་ཚོས་འབད་བརྩོན་ལ་བརྟེན་ནས་གྲོང་ཁྱེར་བརྒྱན་ཞིང་། ཁྱིམ་གཞིས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་ཡོད། མུ་མཐུད་དུ་སྤྱིར་བཏང་གི་ལས་རྐང་ཐོག་ནས་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག་སྟེ། ང་ཚོའི་གྲོང་ཁྱེར་དང་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་བའི་རེ་བ་ཡོད། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་ཐོག་མཐའ་བར་གསུམ་དུ་ཁོར་སྲུང་ལས་བཟོ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁོར་སྲུང་ལས་བཟོ་པར་བརྩི་བཀུར་བྱེད་པའི་མཁའ་དབུགས་ཆགས་པར་བྱས་ཏེ། ཁོ་ཚོར་སྔར་ལས་ལྷག་པའི་སྟབས་བདེ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
ཟི་ལིང་ཆུ་འདོན་ཚད་ཡོད་འགན་ལེན་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཆུ་འདོན་སྡེ་ཚོགས་ཀྱི་ཁེ་གཉེར་དོ་དམ་གནས་ཚུལ་དང་དུས་ཆེན་གྱི་ཆུ་འདོན་ཞབས་ཞུའི་འགན་སྲུང་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་པར་མ་ཟད། འཐབ་ས་དང་པོའི་ལས་བྱེད་རྣམས་ལ་འཚམས་འདྲི་བྱས་ཤིང་། ཁོ་ཚོས་དཀའ་སྤྱད་འབད་བརྩོན་སྒོས་བྱ་བ་བསྒྲུབས་པར་བཀའ་དྲིན་ཞུས་པ་དང་། ཚང་མས་བྱ་བར་སྤྲོ་སེམས་ལྡན་ལ་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་ཆུ་འདོན་འགན་སྲུང་བྱ་བ་བཟང་པོར་སྒྲུབ་དགོས། ཟི་ལིང་སྤྱི་སྤྱོད་འགྲིམ་འགྲུལ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་ལྔ་བཞི་ནུབ་ལམ་གྱི་སྤྱི་སྤྱོད་སྐྱེལ་འདྲེན་འགག་གནས་གོ་དྲུག་པ་རུ། ཝུའུ་ཞའོ་ཅུན་གྱིས་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་བྱ་བར་རྟོག་ཞིབ་བྱས་ལ། སྤྱི་སྤྱོད་རླངས་འཁོར་རེ་རེ་ནི་གྲོང་ཁྱེར་གྱི་སྣང་བརྙན་མཚོན་པའི་སྒོ་དང་སྒེའུ་ཁུང་ལྟ་བུ་ཡིན་པས། མུ་མཐུད་དུ་སྤྱོད་ཚུལ་ལེགས་པོ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་ལ་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་དགོས་ཟེར།
རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཁུངས་གཙོ་བོ་སྐུ་འབུམ་དགོན་པ་རུ། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་ལ་ལོ་སར་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་བྱས་ནས། མི་རིགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་མཐུན་བཅས་ལ་སྣེ་ཁྲིད་བྱེད་རྒྱུའི་རེ་བ་བཏོན། ཞིང་ཆེན་ས་རྒྱུ་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུའུ་རུ། ཝུའུ་ཞའོ་ཅུན་གྱིས་སྤྱིའི་བཟོ་འགོད་པ་དང་། ཀྲུང་གོའི་ས་རྒྱུ་ཚན་རིག་གི་ཆེས་མཐོ་བའི་གཟེངས་རྟགས་ཏེ་ལིས་ཟི་ཀོང་ས་རྒྱུ་ཚན་རིག་བྱ་དགའ་ཐོབ་མཁན་ཕན་ཐུང་དང་མཉམ་དུ་བརྩེ་བའི་གླེང་མོལ་བྱས་ཤིང་། འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་ནས་ཁ་བརྡ་བྱས་པར་མ་ཟད། ཁོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་ལ། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ནས། ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ལ་དམིགས་ནས། ཚན་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། ཚན་ཞིབ་རུ་དཔུང་ལ་སྣེ་ཁྲིད་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཅིན་ཀྲའེ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།