ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་ཟུར་པ་ཕིས་ནེ་ལཱ་སྐུ་གཤེགས་པའི་ཐད་ནས་ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་ཟུར་པ་ཕིས་ནེ་ལཱ་སྐུ་གཤེགས་པའི་ཐད་ནས་ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་མྱ་ངན་ཞུས་པ་དང་། ཕིས་ནེ་ལཱའི་ཁྱིམ་མི་དང་ཀྲི་ལིའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཕིས་ནེ་ལཱ་ནི་ཀྲི་ལིའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་ཞིག་ཡིན་ཞིང་། ཁོང་གིས་སྔོན་ཆད་ཀྲུང་གོ་དང་ཀྲི་ལིའི་འབྲེལ་བའི་འཕེལ་རྒྱས་དང་གཉིས་ཕན་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཁོང་ཉིད་སྐུ་གཤེགས་པ་ལས་ཀྲུང་གོའི་མི་དམངས་ལ་གྲོགས་པོ་རྙིང་བ་ཞིག་མེད་སོང་བ་ཡིན། བདག་གིས་ཀྲུང་གོ་དང་ཀྲི་ལིའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་པའོ་ལི་ཆི་དང་མཉམ་དུ་འབད་བརྩོན་བྱས་ནས། མུ་མཐུད་དུ་ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།