ཞི་ཅིན་ཕིང་གིས་ཀྲུང་གོའི་གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས་འཛུགས་སྐྲུན་བྱས་ནས་བེད་སྤྱོད་བྱེད་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ལུགས་རྙིང་ལོ་སར་གྱི་སྔོན་ལ། ཀྲུང་གོའི་གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས་ཚེས་བདུན་ཉིན་འཛུགས་སྐྲུན་བྱས་ནས་བེད་སྤྱོད་བྱེད་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་གླིང་སྣེའི་བྱ་བ་སྒྲུབ་མཁན་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ད་ལོ་ནི་ཀྲུང་གོའི་གླིང་སྣེ་རྟོག་ཞིབ་བྱ་བ་སྤེལ་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན། ལོ་ངོ་བཞི་བཅུའི་རིང་ལ། ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱི་གླིང་སྣེ་ལས་དོན་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་ཡོད་ལ། རབས་སོ་སོའི་གླིང་སྣེ་བྱ་བ་སྒྲུབ་མཁན་དག་གིས་བློ་སྤོབས་ཆེན་པོས་འཁྱག་གྲང་ཁྱད་དུ་བསལ་ནས་བློ་བརྟན་འགྱུར་མེད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་དང་། དངོས་ཐོག་གཟབ་ནན་སྒོས་བྱ་བ་ནན་སྒྲུབ་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཀྲུང་གོའི་གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས་ལེགས་འགྲུབ་བྱས་པ་དེས་རང་རྒྱལ་དང་འཛམ་གླིང་ཡོངས་ཀྱི་ཚན་རིག་བྱ་བ་སྒྲུབ་མཁན་གྱིས་བསྟུད་མར་རང་བྱུང་གི་གསང་བ་འཚོལ་ཞིབ་དང་ཚན་རིག་གི་ཡང་རྩེར་སྙེག་པར་འགན་སྲུང་གང་ལེགས་བྱེད་ཐུབ།

ཞི་ཅིན་ཕིང་གིས་རྒྱ་ཆེའི་གླིང་སྣེའི་བྱ་བ་སྒྲུབ་མཁན་དག་གིས་དེ་གོ་སྐབས་སུ་བྱེད་པ་དང་། མུ་མཐུད་དུ་དཀའ་སྤྱད་འབད་འཐབ་དང་རྒྱ་སྐྱེད་གསར་གཏོད་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་གླིང་སྣེ་ལ་ངོས་འཛིན་དང་གླིང་སྣེ་ལ་སྲུང་སྐྱོབ། གླིང་སྣེ་བེད་སྤྱོད་བཅས་བྱས་ཏེ། མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

ཀྲུང་གོའི་གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས་བེད་སྤྱོད་བྱེད་འགོ་རྩོམ་པའི་བྱ་འགུལ་དེ་ཚེས་བདུན་ཉིན་སྤེལ་བ་དང་། པེ་ཅིང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་ཅིང་། གླིང་སྣེ་ལྷོ་མའི་ལྕགས་རི་རིང་བོའི་ས་ཚུགས་དང་གླིང་སྣེ་ལྷོ་མའི་ཀྲུང་ཧྲན་ས་ཚུགས། གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས། གླིང་སྣེ་བྱང་མའི་རྨ་ཆུའི་ས་ཚུགས། གངས་འབྲུག་རྟགས་ཅན་གྱི་གྲུ་གཟིངས། གངས་འབྲུག་གཉིས་པ་རྟགས་ཅན་གྱི་གྲུ་གཟིངས་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་པེ་ཅིང་གི་ཚོགས་ར་གཙོ་བོ་ནས་བྱ་འགུལ་ལ་ཞུགས་པ་དང་། ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས། ཁོས་ས་ཚུགས་གསར་བའི་མིང་དང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པར་མ་ཟད་གཏམ་བཤད། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་རང་རྒྱལ་གྱི་གླིང་སྣེ་ལས་དོན་གྱི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱས་ནས། ཚད་གཞི་དང་ཆུ་ཚད་མཐོ་བའི་སྒོ་ནས་ཀྲུང་གོའི་གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས་འཛུགས་སྐྲུན་དང་བེད་སྤྱོད་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་དམ་འཛིན་བྱེད་པ་དང་། ཚན་རིག་གི་རྟོག་དཔྱོད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས། གླིང་སྣེ་རྟོག་ཞིབ་ཀྱི་ལོ་ངོ་བཞི་བཅུའི་ཉམས་མྱོང་རྩ་ཆེན་སྤྱི་བསྡོམས་དང་བེད་སྤྱོད་གང་ལེགས་བྱས་ཤིང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ཁྱད་སྟོབས་འདོན་སྤེལ་དང་། སྤུས་ལེགས་བྱ་སྤྱོད་ལྡན་པར་བྱས་ཏེ། གླིང་སྣེ་བྱ་བ་སྒྲུབ་མཁན་ལ་སེམས་ཁུར་བྱེད་པར་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་གླིང་སྣེའི་བྱ་གཞག་གི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།

ཀྲུང་གོའི་གླིང་སྣེ་ལྷོ་མའི་ཆིན་ལིན་ས་ཚུགས་ནི་ལོ་སི་ཧེ་ཨིན་ཁི་སི་པའོ་གླིང་ཕྲན་དུ་གནས་པ་དང་། རང་རྒྱལ་གྱི་གླིང་སྣེ་ལྷོ་མའི་རྟོག་ཞིབ་ས་ཚུགས་ལྔ་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།