ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུགས་རྙིང་ལོ་སར་གྱི་ལྷན་འཛོམས་ཚོགས་འདུ་བསྡུས།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས8ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང2024ལོའི་ལོ་སར་གྱི་ལྷན་འཛོམས་ཚོགས་འདུ་བསྡུས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྟེ།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ།   ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ།  ཐའེ་ཝན་སྤུན་ཟླ།   ཕྱིར་སྡོད་རང་མི་བཅས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འདས་ལ་ཉེ་བའི་ཆུ་ཡོས་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན།   རྙོག་འཛིང་ཛ་དྲག་གི་རྒྱལ་སྤྱིའི་ཁོར་ཡུག་དང་ལྗིད་ཅིང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་ལ་ཁ་གཏད་དེ།  ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་བསྡུས་བྱས་པ་དང་། རྒྱལ་ཡོངས་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་སྤྱི་འདོམས་བྱས་ཤིང་།   ཞུམ་མེད་འབད་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ་དཀའ་ཁག་དང་འགྲན་རྩོད་མང་བོ་ལས་རྣམ་པར་རྒྱལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་ནན་གྱིས་བསྟན།

ལིས་ཆང་གིས་ལྷན་འཛོམས་ཚོགས་འདུར་འགོ་འཛིན་མཛད།  ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་།   ཚའེ་ཆི།   ཏེན་ཞུའེ་ཞང་།  ལིས་ཞི།   ཧན་ཀྲིན་སོགས་ལྷན་འཛོམས་ཚོགས་འདུར་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ།   ལས་རིགས་སོ་སོའི་མི་སྣ་རྣམས་མཉམ་དུ་འཛོམས་ནས་ལོ་སར་ལ་བསུ་མ་བྱས་པས།  ཡུལ་དངོས་སུ་སྤྲོ་སྐྱིད་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་འདུག

སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་སུ།   སྤྲོ་སྐྱིད་ལྡན་པའི་སྒྲ་དབྱངས་ཀྱི་ཁྲོད་དུ།   ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་ཚོམས་ཆེན་དུ་ཕེབས་ཏེ་ཕྱག་གཡུག་གནང་ནས་ཚང་མར་གུས་འདུད་ཞུས་པ་དང་།   ཚང་མ་དང་མཉམ་དུ་ཕན་ཚུན་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས་ལ།   ཚོགས་ར་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས།  ལོ་གཅིག་གི་རིང་ལ།   ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་།  བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ།   པྲོག་གསར་རིམས་ནད་འགོག་སྡོམ་གྱི་ཚུལ་སྒྱུར་དུས་རིམ་ལག་བསྟར་བྱས་ཤིང་།   དཔལ་འབྱོར་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གྱི་སྤྱིའི་འབོར་གྲངས་སྒོར་ཁྲག་ཁྲིག་ཆེན་མོ126ལས་བརྒལ་བ་དང་།   འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཐད་ཡང་བསྐྱར་མཐོ་ཚད་གསར་བ་བསྐྲུན་པར་མ་ཟད།  ལས་ཞུགས་དང་དངོས་གོང་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ལ།   འཛམ་གླིང་ཧྲིལ་བོ་དང་བསྡུར་ན་ཀྲུང་གོའི་འཕེལ་རྒྱས་ཅུང་བཟང་།    ཚན་རྩལ་གསར་གཏོད་ཐད་ཐོད་བརྒལ་གསར་བ་བྱུང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་གྲུབ་པར་བྱས།   བཅོས་སྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ་སྐོར་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས།   སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པ་དང་།  རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཐད་ནས་གོམ་སྟབས་གསར་བ་སྤོས།   ཁྲིན་ཏུའུ་ཡི་འཛམ་གླིང་སློབ་གྲྭ་ཆེན་མོ་པའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲིག་ཨེ་ཤ་ཡའི་ལུས་འགྲན་ཚོགས་བདེ་བླག་ངང་བསྡུས་ཏེ་རང་རྒྱལ་གྱི་ལུས་རྩལ་པ་དག་གིས་གྲུབ་འབྲས་བཟང་བོ་བླངས།  ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།   ང་ཚོས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཆེན་པོས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱས་པ་དང་།   དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་ཞིང་།   སེམས་ཞིབ་མོ་དང་བརྩེ་བ་རྣལ་མས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་པ་དང་།   སྟོབས་ཤུགས་ཡོད་རྒུས་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་སྲུང་འཛིན་བྱས།   ང་ཚོས་ཞང་ཀང་དང་ཨོ་མིན་སྔར་ལས་བཟང་བོར་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་འདྲེས་པར་རྒྱབ་སྐྱོར་བྱས་པ་དང་།   ཐའེ་ཝན་རང་བཙན་གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།   འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་ནུས་ཡོད་སྒོས་སྲུང་སྐྱོབ་བྱས།   ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ་སྣེ་མང་རྙོག་འཛིང་གི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་མང་པོ་བསྣན་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཞེས་བསྟན།

ཞི་ཅིན་ཕིང་གིས་འདས་པའི་ལོ་གཅིག་རིང་གི་འབད་འཐབ་ལ་ཕྱིར་དྲན་བྱས་ཚེ། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོ་མི་དམངས་ཀྱིས་རེ་སྙེག་བྱེད་པའི་མཛེས་སྡུག་བདེ་སྐྱིད་འཚོ་བའི་འོད་སྟོང་འབར་བའི་ལམ་བུ་ཡིན་པ་དང་།  འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་དྲང་བདེན་གྱི་ལམ་བུ་ཡིན་པར་མྱོང་ཚོར་སྔར་ལས་ཟབ་མོ་སྐྱེས་ཐུབ།   ང་ཚོས་བགྲོད་ལམ་མི་འགྱུར་བ་དང་འདུ་ཤེས་མི་བསྒྱུར་བ་རྒྱུན་འཁྱོངས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་བྱས་ན།   མདུན་སྐྱོད་ཁྲོད་ཀྱི་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་དང་ལེགས་འགྲུབ་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་ཤ་སྟག་ཡིན་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས2024ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན།   ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་དང་ཡར་རྒྱས་ལ་བརྟེན་ནས་བརྟན་འཇགས་ལ་ཡར་སྐུལ།   སྔོན་འཛུགས་རྗེས་གཏོར་གྱི་བླང་བྱ་ལག་བསྟར་བྱེད་དགོས་པ་དང་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ།  ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ཤིང་།   སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་བྱེད་པ།   བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དམ་འཛིན་དངོས་སྒྲུབ་བྱེད་པ།   དཔལ་འབྱོར་གྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཉེན་ཁ་འགོག་སེལ་བྱེད་པ།   སྤྱི་ཚོགས་སྔོན་དཔག་ལེགས་བཅོས་བྱས་ཏེ་དཔལ་འབྱོར་བསྐྱར་འཕར་འབྱུང་བའི་གནས་བབ་བཟང་བོ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་བ།   དམངས་ཚིས་ཕྱུག་འགྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་འཛིན་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་།  རིམ་པ་ཟབ་པའི་སྒྲིག་གཞི་ནང་རྐྱེན་གྱི་འགོག་རྐྱེན་དང་སྒྲིག་གཞི་རང་བཞིན་གྱི་འགལ་བ་ཤུགས་ཆེན་པོས་ཐག་གཅོད་པ།   སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འགོག་རྐྱེན་མེད་པ་དང་ཞུམ་མེད་མདུན་སྐྱོད་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་འབྲུག་ནི་ཀྲུང་ཧྭ་མི་རིགས་དང་འབྲེལ་བ་དམ་ཟབ་ཡོད་དེ། དེར་རྔམ་བརྗིད་ཀྱི་གཟི་ཉམས་དང་དཔའ་སྤོབས་ཀྱི་སྣང་བརྙན་ལྡན་ལ།  ཕྱོགས་བཞིར་བདེ་སྐྱིད་སྦྱིན་པ་དང་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ལྡན། དེས་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་ཡར་བརྩོན་འབད་འཐབ་ཀྱི་སྙིང་སྟོབས་མཚོན་པ་དང་།   དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཐོག་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་བོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་བློ་རྩ་བརྟན་པོ་དང་མཛེས་སྡུག་གི་རེ་སྙེག་ཐེག་པར་བྱས་ཡོད། འབྲུག་གི་ལོ་ལ།   རྒྱལ་ཡོངས་མི་དམངས་ཀྱིས་འབྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།  འབྲུག་འཕྱོ་སྟག་མཆོང་གི་ངར་ཤུགས་བརྟེན་ནས་གསར་གཏོད་གསར་སྐྲུན་དང་འབད་འཐབ་བྱས་འབུལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་མཉམ་དུ་འབྲི་དགོས་ཞེས་བསྟན།

ལྷན་འཛོམས་ཚོགས་འདུའི་སྟེང་དུ།   རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་།   རྒྱལ་ཡོངས་སྲིད་གྲོས།  ཀྲུང་དབྱང་དམག་ཁུལ་བཅས་ཀྱི་འགོ་ཁྲོད་བློ་མཐུན་དང་བློ་མཐུན་རྒན་པ་ལྷན་འཛོམས་ཚོགས་འདུར་ཞུགས།

ལྷན་འཛོམས་ཚོགས་འདུར་ཞུགས་མཁན་ལ་ད་རུང་ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་མི་སྣ།  དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་།   རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ།  ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་འཐུས་ཚབ།  མིང་དུ་གྲགས་པའི་ཆེད་མཁས་པ་དང་རྒྱལ་སའི་ལས་རིགས་མི་སྣའི་འཐུས་ཚབ་བཅས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།