ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁ་པར་གྲོས་མོལ་མཛད།
2024.02.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཟླ2པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གོའི་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁ་པར་གྲོས་མོལ་མཛད།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕན་ཚུན་ལ་ལོ་སར་གྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བ་དང་། ཀྲུང་གོའི་མི་དམངས་དག་ཚེས་ལས་ཉེ་བའི་འབྲུག་གི་ལོར་རེ་བས་ཁེངས་ཡོད་པར་མ་ཟད་ཡིད་ཆེས་ཀྱིས་ཀྱང་ཁེངས་ཡོད་ཅེས་གསུངས། ཙུང་ཐུང་ཕུའུ་ཅིན་གྱིས་བསྟན་དོན། འབྲུག་གིས་ཀྲུང་གོའི་རིག་གནས་ཁྲོད་བློ་གྲོས་དང་སྟོབས་ཤུགས་མཚོན་ཡོད་པས། བདག་གིས་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་སྨོན་འདུན་བཟང་བོ་ཞུ། ཀྲུང་གོའི་མི་དམངས་དག་འབྲུག་གི་ལོར་སྤྲོ་སྐྱིད་ལྡན་པ་དང་ཅི་བསམ་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་གསར་རྙིང་གཉིས་ཀྱི་འབྲེལ་མཚམས་ནས་ཕན་ཚུན་ལ་འཚམས་འདྲི་ཞུ་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གྲུབ་འབྲས་སྤྱི་བསྡོམས་བྱས་ཏེ། མཉམ་དུ་མ་འོངས་པར་རྒྱང་བལྟ་བྱེད་པ་དེ་ང་ཚོའི་བར་གྱི་སྲོལ་རྒྱུན་བཟང་བོ་ཞིག་ཏུ་གྱུར་ཡོད། འདས་པའི་ལོ་གཅིག་གི་ནང་། འུ་གཉིས་ཀྱིས་ཐེངས་གཉིས་ལ་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གལ་ཆེན་མང་བོ་བཀོད་ཡོད། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། ཏང་སྲིད་བཅས་བར་གྱི་འགྲོ་འོང་ཇེ་མང་དུ་སོང་ཡོད་ཅིང་། ཁྱབ་ཁོངས་སོ་སོར་གསོན་ཤུགས་རྒྱས་ཡོད། ཕྱོགས་གཉིས་ཀྱིས་སྔ་སྣུར་སྒོས་ལོ་ཧྲིལ་བོའི་ཉོ་ཚོང་འབོར་གྲངས་དམིགས་འབེན་མངོན་འགྱུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་གཞུང་དང་ས་གནས་ཀྱི་བརྗེ་རེས་བདེ་བླག་ངང་སྤེལ་བར་མ་ཟད། ལུས་རྩལ་བརྗེ་རེས་ལོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན། འདས་པའི་བགྲོད་ལམ་ལ་ཕྱིར་མིག་བལྟས་ན། ང་ཚོས་མཉམ་དུ་དཀའ་སྡུག་མང་བོ་མྱངས་མྱོང་། མ་འོངས་པར་རྒྱང་བལྟ་བྱས་ན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་མུ་མཐུད་དུ་ལྟ་སྐྱོང་རེས་རོགས་དང་དུས་རབས་མཛའ་མཐུན་གྱི་སྙིང་སྟོབས་རྒྱུན་འཁྱོངས་སྒོས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ལེའུ་གསར་བ་འབྲི་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་འཐབ་ཇུས་རོགས་ལས་ཇེ་ཟབ་ཏུ་བཏང་སྟེ། རང་རང་གི་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། མཐའ་གཅིག་ཏུ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྒུལ་ནུས་གསར་བ་གསོ་སྤེལ་དང་། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོའི་བྱ་འགུལ་བཟང་བོར་སྤེལ་བ་དང་། དམངས་སེམས་གཅིག་སྒྲིལ་དང་ཀུན་དང་མཐུན་པ། དྲོད་ཚད་ཡོད་པའི་རིག་གནས་བརྗེ་རེས་བྱ་འགུལ་སྤེལ་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཧཱ་སག་སི་ཐན་གྱིས་ད་ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། མཐུན་སྒྲིལ་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས། ས་ཁུལ་རང་གི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ཀྱིས་ཉིས་སྟོང་ཉེར་བཞི་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པ་དང་། ཨུ་རུ་སིའི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་པ་དང་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། འདྲ་མཉམ་ཡིན་ཞིང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དར་སྤེལ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་དེ་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་གལ་ཆེན་འཇོག་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཕུའུ་ཅིན་གྱིས་བསྟན་དོན། ད་ལོ་ནི་ཨུ་རུ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན་ཞིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་སྔར་མེད་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད། ན་ནིང་ཨུ་རུ་སི་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་མུ་མཐུད་དུ་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྣེ་ཁྲིད་བྱེད་པར་རེ་སྒུག་བྱས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་ད་ལོའི་ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོ་དང་མི་གཞུང་བརྗེ་རེས་ཀྱི་བྱ་འགུལ་རབ་དང་རིམ་པ་བཟང་བོར་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་གྱི་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཡིས་ད་ལོར་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ས་ཁུལ་དང་རྒྱལ་སྤྱིའི་ཁྱབ་ཁོངས་མང་བོའི་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་བྱས་ཤིང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ནས་རང་རང་གི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཐེ་ཝན་གནད་དོན་ཐད་ནས་ཀྲུང་གོར་དཀྲུག་འཕེན་བྱེད་པའི་ཉེན་ཁའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པར་མ་ཟད། ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་བཀག་འགོག་བྱེད་འདོད་པའི་གཡོ་ཇུས་གང་རུང་དོན་སྨིན་ཡོང་མི་སྲིད་པར་ཡིད་ཆེས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་རུང་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་མཛད། རྒྱལ་ཁབ་གཉིས་ཀྱིས་ལོ་གསར་བའི་ནང་མུ་མཐུད་དུ་འབྲེལ་འདྲིས་ཟབ་མོ་བྱེད་པ་སྲུང་འཛིན་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་ནས་བརྗེ་རེས་ཟབ་མོ་བྱེད་པར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།