ཞི་ཅིན་ཕིང་དང་ཕུའུ་ཐའོ་ཡའི་ཙུང་ཐུང་གིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུས།
2024.02.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

ཟླ2པའི་ཚེས8ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སའོ་སཱ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ།  རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།   འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་རིང་ལ།    ཀྲུང་གོ་དང་ཕུའུ་ཐའོ་ཡ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་བཟོད་སྒོམ་གྱི་འདུ་ཤེས་རྒྱུན་འཛིན་བྱས་པ་དང་།   མཛའ་མཐུན་གྲོས་མོལ་བརྒྱུད་དེ་ཨོ་མིན་གྱི་གནད་དོན་ལུགས་མཐུན་སྒོས་ཐག་བཅད་ལ།   དུས་དཔག་བབ་བསྟུན་སྒོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཤིང་།   མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་འཛམ་གླིང་ཧྲིལ་བོའི་འཕྲོད་བསྟེན་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་།    ཁེ་ལས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པར་མ་ཟད།   ལག་རྡང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་།  ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ཞིང་།  ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པའི་ཡང་དག་གི་ལམ་བུར་གསལ་འགྲེལ་བྱས།   ངས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   ཙུང་ཐུང་ཏི་སའོ་སཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཕུའུ་ཐའོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།  ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས།  དར་རྒྱས་བཅས་ཀྱི་ཐད་སྟོབས་ཤུགས་འབུལ་འདོད་ཡོད།

ཏི་སའོ་སཱ་ཡིས་བསྟན་དོན།   ཕུའུ་ཐའོ་ཡ་དང་ཀྲུང་གོའི་བར་རྒྱང་ཐག་རིང་ཡང་།  རྒྱལ་ཁབ་གཉིས་ཀ་ཐོག་མཐའ་བར་གསུམ་དུ་འཆམ་མཐུན་གཉམ་གནས་བྱས་ཡོད་པ་དང་།   ཆབ་སྲིད་དང་དཔལ་འབྱོར།   རིག་གནས་།    སྤྱི་ཚོགས་སོགས་ཁྱབ་ཁོངས་སུ་མཛའ་མཐུན་བརྗེ་རེས་སྲུང་འཛིན་བྱས་ཡོད།    ཕུའུ་ཐའོ་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ།    ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱིས་ཨོ་མིན་གྱི་སྲིད་དབང་གཏན་འཇགས་སྒོས་བརྗེ་སྤྲོད་བྱེད་པ་བདེ་བླག་ངང་མངོན་འགྱུར་བྱས་པ་དང་།   ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ཕྱོགས་མང་རིང་ལུགས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་།   ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་མཛའ་བརྩེ་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།