ཟླ2པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་ཁུར་བསྣམས་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་མང་ཚོགས་དང་གཞི་རིམ་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་ལོ་སར་གྱི་འཚམས་འདྲི་ཞུས།
ཁྲིན་ཀང་ཀྲུང་ཁྲོན་ཡུལ་ཚོ་ཅིན་ཐེན་སྡེ་བ་དང་ཀོན་ཐིན་གྲོང་རྡལ་ལ་ཅཱ་སྡེ་བའི་གཅིག་བསྡུས་བདེ་འགོད་བྱེད་ས་རུ་སོང་ནས། གནོད་འཚེ་ཐེབས་པའི་དཀའ་ཁག་ཅན་གྱི་མང་ཚོགས་དབྱང་ཅན་ཝེ་དང་ལཱ་ཀྲིན་ཞང་། དཀའ་ཁག་ཡོད་པའི་ཏང་ཡོན་དབྱང་ཧྲན་མེན་དང་ལཱ་ཀྲིན་ལེང་། པང་ལེབ་ཀྱི་ཁང་བའི་ནང་གཉེན་སྒྲིག་བྱས་པའི་ལཱ་ཞང་ཀྲུང་བཟའ་ཟླ་གཉིས་བཅས་ལ་འཚམས་འདྲི་བྱས་པ་དང་། ཚང་མ་དང་གླེང་མོལ་བྱས་པ་དང་བསམ་ཚུལ་གླེང་ལ། སྨོན་འདུན་ཞུས་པར་མ་ཟད། ཚང་མས་སེམས་རྣལ་ལ་ཕབ་ནས་ཁྱིམ་གཞི་བསྐྱར་འཛུགས་བྱེད་པར་སྐུལ་སློང་བྱས་པ་དང་། ཚང་མས་དཔྱིད་ཀའི་རྨོ་འདེབས་ལ་གྲ་སྒྲིག་བཟང་བོ་བྱེད་པ་དང་ཞིང་འདེབས་པའི་དུས་སྐབས་འགོར་འགྱངས་མི་བྱེད་རྒྱུའི་མངགས་བཅོལ་བྱས། ལོ་དོན་དགུར་སོན་པའི་ཏང་ཡོན་རྒན་པོ་ལཱ་ཀྲིན་ལེང་གིས་གཏོར་བརླག་ཐེབས་པའི་ཁང་བ་རྙིང་བའི་ནང་དུ་ཡོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་པར་དེ་ཆེད་དུ་པང་ལེབ་ཀྱི་ཁང་བའི་ནང་དུ་བསྣུར་ཡོད་ལ། སེམས་འགུལ་ཆེན་པོས་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་དྲིན་ཆེ་ཞེས་ཡང་དང་བསྐྱར་དུ་བཤད་བྱུང་། ཁྲིན་ཀང་གིས་བཤད་རྒྱུར། གློ་བུར་དུ་བྱུང་བའི་ས་ཡོམ་ལ་ཁ་ཕྱོགས་ནས། ང་ཚོས་གུང་ཁྲན་ཏང་རླབས་ཆེ་བ་མཐོང་བ་དང་། མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་མྱངས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཉམས་སུ་མྱངས་པ་དང་། ཏང་དང་སྲིད་གཞུང་གི་རྒྱུན་མཐུད་འབད་བརྩོན་དང་། རིགས་སོ་སོའི་མང་ཚོགས་ཀྱི་འབད་འབད་ལྷོད་མེད་བྱས་པ་བརྒྱུད་དེ། ང་ཚོའི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།
བདེ་འགོད་བྱེད་ས་རུ་མི་རྣམས་ལོ་སར་ལ་སྟ་གོན་བྱེད་པར་བྲེལ་བཞིན་པ་དང་། བྱིས་པ་རྣམས་དགའ་སྤྲོའི་ངང་རྩེད་མོར་རོལ་ཡོད། བྱིས་པའི་གཞིས་ཁྱིམ་ཞེས་པ་དེ་རུ། ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་དང་བླངས་པས་བྱིས་པ་ཚོར་ཟུར་ཁྲིད་བྱེད་ཀྱིན་ཡོད་པ་དང་། ཁྲིན་ཀང་སློབ་ཁང་དུ་སོང་ནས། ཡུལ་དངོས་ནས་བྱིས་པ་ཚོའི་སློབ་སྦྱོང་གི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། དང་བླངས་པས་བྱིས་པ་ཚོར་སྤྲོ་སྐྱིད་དང་བདེ་ཐང་གི་འཚར་ལོངས་ཁོར་ཡུག་བསྐྲུན་པར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཚང་མར་ལྷད་མེད་ཀྱི་སྨོན་འདུན་དང་བཀའ་དྲིན་ཞུས།
ཀོན་ཐིན་གྲོང་རྡལ་སན་ཁྲོན་ཚན་རྩལ་རིག་གནས་ལྟེ་གནས་སྒོ་ཁའི་ཐང་ཆེན་དུ། ཁྲིན་ཀང་གིས་མང་ཚོགས་དང་གླེང་མོལ་བྱས་པ་དང་། ཚང་མས་དམངས་སྲོལ་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་། ཁྱད་ལྡན་ཐོན་ལས་དར་རྒྱས་གོང་འཕེལ་བཏང་སྟེ། མང་ཚོགས་སྔར་ལས་མང་བོའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་པོར་བསྒྱུར་བར་སྣེ་ཁྲིད་བྱེད་རྒྱུའི་སྐུལ་མ་བཏང་།
ཁྲིན་ཀང་གིས་ད་དུང་ལས་རྐང་སྲུང་བའི་སྡེ་བའི་ལས་བྱེད་པ་དང་ཉེན་རྟོག་པ། སྨན་པ། མེ་འགོག་མེ་གསོད་བཀོད་འཐབ་པ། བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་བཅས་ལ་འཚམས་འདྲི་བྱས་པ་དང་། ཚང་མས་མྱུར་སྐྱོབ་དང་བར་བརྒལ་བདེ་འགོད། སླར་གསོ་བསྐྱར་འཛུགས་བྱེད་པའི་ཁྲོད་སྟོབས་ཤུགས་ཕུལ་བར་བཀའ་དྲིན་ཞུས། ཁོས་མུ་མཐུད་དུ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གཡུལ་ས་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེ་ནུས་པ་འདོན་སྤེལ་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་གོ་གནས་དང་པོར་འཇོག་པ། སེམས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཀྱི་དཀའ་ངལ་སེལ་བ་དང་། སྡེ་དམངས་ཀྱིས་ཐོན་སྐྱེད་རང་སྐྱོབ་བྱེད་པར་རྩ་འཛུགས་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ཁྱིམ་གཞི་བསྐྱར་འཛུགས་བྱས་ནས། ཏང་གི་དར་ཆ་གནོད་ཐེབས་ས་ཆ་རུ་ལྷབ་ལྷུབ་ཏུ་བསྐྱོད་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན། ཝང་ཅིན་ཀྲའེ་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།
རིན་ཆེན་མཚོས་བསྒྱུར།