སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་ལོ་སར་གྱི་ལྷན་འཛོམས་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱིས་མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་འགྱུར་མེད་འབད་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པར་སྐུལ་མ་གནང་། ཚང་མས་ལོ་གསར་བའི་ནང་ལ་འབྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འབྲུག་འཕྱོ་སྟག་མཆོང་གི་ངར་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་བ་མཉམ་དུ་འབྲི་རྒྱུའི་ཚུལ་བསྟན།
ཟླ2པའི་ཚེས8ཉིན་གྱི་ལོ་སར་ལྷན་འཛོམས་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚང་མར་བརྩེ་བའི་གུས་འདུད་ཞུས་པ་དང་། ཚང་མ་དང་མཉམ་དུ་ཕན་ཚུན་ལ་འཚམས་འདྲི་བྱས་ཤིང་ལོ་སར་གྱི་སྨོན་འདུན་ཞུས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདས་ལ་ཉེ་བའི་ཆུ་ཡོས་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་བསྡུས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་ནན་གྱིས་བསྟན།
2024ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་ལ་སྐྱོད་ལམ་གསར་བའི་སྟེང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་པའི་མངགས་བཅོལ་གནང་།
འབྲུག་ནི་ཀྲུང་ཧྭ་མི་རིགས་དང་འབྲེལ་བ་དམ་ཟབ་ཡོད་དེ། དེར་རྔམ་བརྗིད་ཀྱི་གཟི་ཉམས་དང་དཔའ་སྤོབས་ཀྱི་སྣང་བརྙན་ལྡན་ལ། ཕྱོགས་བཞིར་བདེ་སྐྱིད་སྦྱིན་པ་དང་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ལྡན། དེས་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་ཡར་བརྩོན་འབད་འཐབ་ཀྱི་སྙིང་སྟོབས་མཚོན་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བར་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་བོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་བློ་རྩ་བརྟན་པོ་དང་མཛེས་སྡུག་གི་རེ་སྙེག་ཐེག་པར་བྱས་ཡོད། འབྲུག་གི་ལོ་ལ། རྒྱལ་ཡོངས་མི་དམངས་ཀྱིས་འབྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འབྲུག་འཕྱོ་སྟག་མཆོང་གི་ངར་ཤུགས་བརྟེན་ནས་གསར་གཏོད་གསར་སྐྲུན་དང་འབད་འཐབ་བྱས་འབུལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་མཉམ་དུ་འབྲི་དགོས།
དམངས་ཚིས་འགན་སྲུང་གི་འཐབ་ཕྱོགས་དང་པོ་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་ཡུལ་དངོས་བར། ལོ་སར་སྐབས་སུ་མི་མང་བོས་སྔར་བཞིན་བྱ་བའི་ལས་གནས་བརྟན་སྲུང་བྱས་ཡོད་པ་དང་། ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་བཞིན་ཡོད།
དངོས་སྒྲུབ་ལ་བརྟེན་ནས་རླབས་ཆེན་གྱི་ལས་དོན་བསྐྲུན་དགོས་པ་དང་འབད་འཐབ་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད་དགོས། ཚང་མས་སྐྱོད་ལམ་གསར་བའི་སྟེང་ཡར་རྒྱས་བརྩོན་ལེན་དང་དངོས་སྒྲུབ་དམ་འཛིན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་སྣོན་རྒྱུའི་ཚུལ་བསྟན།
ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོའི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སར་གྱི་ལྷན་འཛོམས་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱིས་སེམས་ཤུགས་གཅིག་བསྡུས་བྱས་ཏེ་ལོ་གསར་བའི་ནང་མུ་མཐུད་དུ་འབད་འཐབ་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན་ཞེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།