ཟླ2པའི་ཚེས9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་འཕྲལ་བསྟུན་དོ་དམ་པུའུ་རུ་ཕེབས་ཏེ་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་དང་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་སྣོན་པ་དང་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་བྱ་བ་སྒྲུབ་པ། དུས་ཆེན་གྱི་བདེ་འཇགས་འགོག་ཟོན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་སྤྲོ་སྐྱིད། འཆམ་མཐུན་གྱི་ལོ་སར་སྐྱིད་པོ་ཞིག་རོལ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ལིས་ཆང་རྒྱལ་ཁབ་འཕྲལ་བསྟུན་བཀོད་འདོམས་སྤྱི་ཁྱབ་པུའུ་ཡི་བཀོད་འདོམས་ཚོམས་ཆེན་དང་པོར་ཕེབས་ཏེ་བརྙན་རིས་མ་ལག་བརྒྱུད་ནས་ས་ཁུལ་སོ་སོའི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་གེགས་མེད་འགན་སྲུང་དང་གངས་ཆར་འཁྱགས་དར་གྱི་གནོད་འཚེར་ཁ་གཏད་འཇལ་བ། ཡུལ་སྐོར་ཞབས་ཞུའི་འགན་སྲུང་གནས་ཚུལ་བཅས་ལ་བཀོད་གཏོང་དང་རྒྱུས་ལོན་བྱས། ལིས་ཆང་གིས་ལོ་སར་ནི་ཁྱིམ་ཚང་ཁྲི་སྟོང་མང་བོ་ལྷན་འཛོམས་ཀྱི་ཉིན་མོ་ཡིན་པ་དང་། ལོ་སར་སྐབས་ཀྱི་སྐྱེལ་འདྲེན་དེ་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་འབྲེལ་ཡོད། མིག་སྔར་མང་ཚོགས་མི་ཉུང་བ་ཞིག་ཕྱིར་ཕ་ཡུལ་ལ་ལོག་པའི་ལམ་བར་དུ་ཡོད་པས། དྲ་རྒྱའི་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བཀོད་འདོམས་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་སྐྱེལ་འདྲེན་ནུས་ཤུགས་ཀྱི་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ཇེ་དྲག་ཏུ་བཏང་སྟེ་འགྲིམ་འགྲུལ་གེགས་མེད་ཡོང་བ་དང་འཁོར་སྐྱོད་བདེ་འཇགས་ཡིན་པ། ཞབས་ཞུ་བཟང་བོར་སྒྲུབ་པར་འགན་སྲུང་བྱེད་དགོས། ས་ཁུལ་ཁ་ཤས་ཀྱི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་ནས་སྐྱེལ་འདྲེན་གྱི་འགོག་རྐྱེན་ཐེབས་པ་དང་ཡུལ་སྐོར་པ་ལམ་དུ་ཁེག་པ། ཉེན་ཁའི་དོན་རྐྱེན་འབྱུང་བ་སོགས་ཐོལ་བྱུང་གནས་ཚུལ་ལུགས་མཐུན་སྒོས་ཐག་བཅད་དེ་ཕ་ཡུལ་དུ་ལོག་པའི་མང་ཚོགས་རྣམས་བདེ་འཇགས་ངང་རང་ཁྱིམ་དུ་འབྱོར་ནས་ཁྱིམ་མི་དང་ལྷན་འཛོམས་བྱེད་དུ་འཇུག་དགོས། མི་འགྱངས་བར་ཐོན་ལ་ཉེ་བའི་དུས་ཆེན་རྗེས་སུ་ཕྱིར་ལོག་པའི་མཐོ་རླབས་ལ་དམིགས་ཏེ་སྔ་མོ་ནས་ཕྱོགས་སོ་སོར་གྲ་སྒྲིག་བཟང་བོ་བྱས་ཏེ་མང་ཚོགས་ཀྱི་འགྲོ་སྐྱོད་ལ་འབད་པ་ཆེན་པོས་འགན་སྲུང་བྱེད་དགོས་ཞེས་བསྟན།
དེའི་རྗེས་སུ། ལིས་ཆང་གིས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་བརྙན་རིས་བཀོད་གཏོང་བྱས་ནས་ཁེ་ལས་ཀྱི་དུས་ཆེན་སྐབས་ཀྱི་ཐོན་སྐྱེད་ཁུར་བོ་དང་ཉེན་ཁ་ཚབས་ཆེན་གྱི་འབྱུང་ཁུངས་འགོག་སྡོམ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་བཟོ་པའི་ལས་རེས་བཀོད་སྒྲིག་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་དུས་ནམ་ཡིན་ཡང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ནས་ལྷོད་གཡེང་བྱེད་མི་རུང་བར། ནམ་ཡང་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱེད་པ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་སྐྱེད་འཁོར་སྐྱོད་ཀྱི་བརྟན་འཇགས་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་བ། ཉེན་ཁ་ཚབས་ཆེན་གྱི་འབྱུང་ཁུངས་ལ་དམ་པོར་དམིགས་ཏེ་བདེ་འཇགས་འགན་འཁྲིའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དམིགས་བསལ་ལས་གནས་ཀྱི་མི་སྣའི་གསོ་སྦྱོང་དང་བདེ་འཇགས་སློབ་གསོར་ཤུགས་སྣོན་པ། ཚད་ལྡན་གྱི་བེད་སྤྱོད་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། དུས་སྟོན་བྱ་འགུལ་དང་ཡུལ་སྐོར་ལྗོངས་ཁུལ། མི་སྣ་འདུ་འཛོམས་བྱེད་ས་བཅས་ཀྱི་ཡུལ་དངོས་དོ་དམ་ཤུགས་བསྣན་ནས་ཉེན་ཁ་འགོག་ཟོན་དང་བདེ་འཇགས་འགན་སྲུང་། བརྟན་འཇགས་སྲུང་སྐྱོབ་བཅས་ཀྱི་བྱ་བ་སོ་སོ་དངོས་འཛིན་ནན་སྒྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིས་ཆང་གིས་རྒྱལ་ཡོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱི་དུས་ཆེན་སྐབས་ཀྱི་ལས་རེས་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་འཕྲལ་བསྟུན་གྲ་སྒྲིག་དང་སྟོབས་ཤུགས་ཀྱི་བཀོད་སྒྲིག་ཞིབ་ཏུ་དྲིས། ཁོང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཆེན་སྐབས་ཀྱི་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་སྟོབས་ཤུགས་བཀོད་སྒྲིག་བཟང་བོ་བྱེད་པ། དུས་ནམ་ཡང་འཕྲལ་བསྟུན་རྣམ་པ་སྲུང་འཛིན་བྱེད་པ། གལ་ཏེ་ཐོལ་བྱུང་གི་ཉེན་ཁའི་གནས་ཚུལ་དང་འཕྲད་ན་མྱུར་བ་མྱུར་དུ་ཁ་གཏད་འཇལ་ཐུབ་པ་དང་སྟོབས་ཤུགས་དང་དངོས་ཟོག་མགྱོགས་མྱུར་གྱིས་བཀོད་གཏོང་བྱེད་པ། ཚན་རིག་དང་མཐུན་ཞིང་ནུས་ཡོད་སྒོས་རོགས་སྐྱོར་དང་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་ལ་འགན་སྲུང་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲང་གོ་ཆིན་དང་ཝུའུ་ཀྲིན་ལུང་གིས་ཞིབ་བཤེར་དང་མཛུབ་སྟོན་བྱེད་རོགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།