ནོར་སྲིད་པུའུ་ཡི་རྒྱུ་ནོར་དོ་དམ་ཟི་ཡི་ཟི་ཀྲང་ཧུ་ཅུན་མེན་གྱིས་ཉེ་སྔོན་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་གཞི་རྩའི་རྒན་གསོའི་ཉེན་ཚབ་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཙམ་བཀོད་སྒྲིག་བྱས་ཏེ། གཙོ་བོ་ཐེབས་རྩའི་ཡོང་འབབ་དང་འགྲོ་སོང་གི་དཀའ་ཁག་ཆེ་བའི་དབུས་ནུབ་ཕྱོགས་ས་ཁུལ་དང་བཟོ་ལས་རྟེན་གཞི་རྙིང་བར་ཁ་ཕྱོགས་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་ལ། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་ཆད་མེད་པར་ནོར་སྲིད་ཀྱི་ཁ་གསབ་ཤུགས་ཚད་ཇེ་ཆེར་བཏང་བ་དང་། རྒན་གསོའི་ཉེན་ཚབ་ཀྱི་རྒྱལ་ཡོངས་གཅིག་འདོམ་ལག་བསྟར་བྱས་ནས། རྒན་གསོའི་ཉེན་ཚབ་ཐེབས་རྩའི་དོ་དམ་ལ་ཤུགས་སྣོན་བྱས། ཧུ་ཅུན་མེན་གྱིས་བཤད་རྒྱུར། གོང་གི་བྱེད་ཐབས་དེ་དངོས་འབེབས་བྱས་པ་བརྒྱུད་དེ། ཉེ་བའི་ལོ་འགའི་རིང་ཐེབས་རྩའི་ཡོང་འབབ་དང་འགྲོ་སོང་གནས་ཚུལ་ལ་ནུས་ལྡན་གྱིས་ལེགས་བཅོས་བྱུང་ཡོད། ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོའི་ཉེན་ཚབ་ཐེབས་རྩ་རིམ་བསགས་ཀྱིས་སྒོར་ཁྲག་ཁྲིག་དྲུག་ཙམ་ལ་བསླེབས་ཡོད་པ་དང་། རྒན་གསོའི་མ་དངུལ་དུས་ལྟར་ཁ་གྲངས་འདང་བར་སྟེར་བར་འགན་སྲུང་བྱས་ཡོད་ཟེར།
ཁོས་བསྟན་དོན། དུས་མཚུངས་སུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ནོར་སྲིད་སྡེ་ཁག་གིས་ད་རུང་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཤིང་། ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་བརྩིའི་རྒན་གསོའི་ཞབས་ཞུའི་མཐོར་འདེགས་འགུལ་སྐྱོད་དང་། དཔལ་འབྱོར་དཀའ་ཁག་ཆེ་བའི་ནུས་ཤོར་རྒན་པར་གཅིག་བསྡུས་ཀྱིས་བདག་སྐྱོང་བྱེད་པ་སོགས་རྒན་གསོའི་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་ལ། ཤུགས་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།
ཧུ་ཅུན་མེན་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་བཞི་ལོར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རྒན་གསོའི་ཉེན་ཚབ་ཀྱི་རྒྱལ་ཡོངས་གཅིག་འདོམ་ལམ་ལུགས་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། འབྲེལ་ཡོད་ཀྱི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་རྒན་གསོའི་མ་དངུལ་དོ་དམ་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས། ཕྱོགས་གཞན་ཞིག་ནས་སྔར་ལས་ལྷག་པའི་སྒོ་ནས་རྒན་གསོའི་ཞབས་ཞུའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལས་ཁུངས་དང་སྡེ་ཁུལ། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་ཚང་དུ་བཏང་སྟེ། རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུའི་སྤུས་འདེགས་ནུས་སྤེལ་ལ་ཡར་སྐུལ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།