གསར་འགོད་པས་ཉེ་སྔོན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་དངོས་གཉེར་གྱི་བྱེད་ཐབས་མང་བོ་སྤྱད་དེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་དཀའ་ཁག་དངོས་སུ་ཐག་གཅོད་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཡིད་ཆེས་མཐོར་འདེགས་བྱེད་རྒྱུ་རེད།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཟི་ཡི་ཟི་ཀྲང་ཡོན་ཏཱ་ཡིས་ཉེ་སྔོན་མཚམས་སྦྱོར་བྱས་དོན། དམངས་གཉེར་དཔལ་འབྱོར་གྱི་སྐུལ་འདེད་བཅའ་ཁྲིམས་དང་ཁྲིམས་འཛུགས་འཕེལ་རིམ་ལ་མྱུར་མོར་སྐུལ་འདེད་གཏོང་དགོས། དེའི་ཞོར་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་པ་དམ་འཛིན་བྱེད་དགོས། དམངས་གཉེར་ཁེ་ལས་ལ་ཁ་ཕྱོགས་པའི་བརྡ་འཕྲིན་ཁྱབ་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྣམ་གྲངས་ཀྱི་མཚམས་སྦྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྔར་ལས་མང་བའི་དམངས་ཁྲོད་མ་རྩ་ནང་འགུག་སྐུལ་མ་བཏང་ནས་རྒྱལ་ཁབ་ཀྱི་བཟོ་སྐྲུན་ཆེན་མོ་དང་ཞན་ཆ་ཁ་གསབ་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས་སུ་འཇུག་དགོས་ཟེར།
ཁོས་ད་རུང་བསྟན་དོན། རིམ་པ་མང་བོ་ནས་དམངས་གཉེར་ཁེ་ལས་བར་གྱི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་བརྗེ་རེས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་འདྲིས་བརྗེ་རེས་ཐབས་ལམ་བཀག་མེད་ཡོང་བར་བྱེད་དགོས། བྱེ་བྲག་གི་གྱོད་དཔེ་དང་སྤྱི་ཕྱོགས་ནས་དུས་ལྟར་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བའི་གནད་དོན་ཁོང་དུ་ཆུད་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པ་དང་། ཁེ་ལས་སྐོར་ཞིག་ལ་ཁེ་ཕན་ཐོབ་པར་བྱེད་པ། ལས་རིགས་གཅིག་ལ་རོགས་འདེགས་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།