ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཐུའུ་ཁུའུ་མན་སི་ཐན་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་ཀུའུ་ཨར་མཱ་ནོའུ་ཝ་ཡི་གདན་ཞུས་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་དབུས་གནས་གྲོགས་པོའི་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་མགོ་ཁྲིད་པའི་གྲོས་ཚོགས་སྟེང་བརྙན་རིས་གསུང་བཤད་གནང་།
ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཐུའུ་ཁུའུ་མན་སི་ཐན་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་ཀུའུ་ཨར་མཱ་ནོའུ་ཝ་ཡི་གདན་ཞུས་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་དབུས་གནས་གྲོགས་པོའི་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་མགོ་ཁྲིད་པའི་གྲོས་ཚོགས་སྟེང་བརྙན་རིས་གསུང་བཤད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། དབུས་གནས་གྲོགས་པོའི་ཚན་ཆུང་བཙུགས་ནས་ལོ་ངོ་གསུམ་ལྷག་གི་རིང་ལ། དབུས་གནས་སྲིད་ཇུས་ལག་བསྟར་དང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱས་པ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་དང་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་བཟང་བོ་ཞིག་ཏུ་གྱུར་ཡོད། ཐུའུ་ཁུའུ་མན་སི་སི་ཐན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དུས་གཏན་གྱི་དབུས་གནས་རྒྱལ་ཁབ་ཡིན་པ་དང་། དབུས་གནས་གྲོགས་པོའི་ཚན་ཆུང་འཛུགས་པའི་གྲོས་མགོ་འདོན་མཁན་གྱི་རྒྱལ་ཁབ་ཡིན་པའི་ངོས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་བསྟན་དོན། དེང་སྐབས་འཛམ་གླིང་ཧྲིལ་བོར་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་ལ། མིའི་རིགས་ཀྱི་སྤྱི་ཚོགས་དེ་རྙོག་འཛིང་དང་ཛ་དྲག་ཆེ་བའི་འགྲན་རྩོད་ལ་འཕྲད་ཡོད་ཀྱང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་དུས་རབས་ཀྱི་རླབས་རྒྱུན་འགོག་ཐབས་མེད། འཕེལ་རྒྱས་ཀྱི་དཀའ་ཁག་ཐག་གཅོད་དང་བདེ་འཇགས་ཀྱི་གནད་དོན་ཞི་འཇགས་སུ་གཏོང་བ། དཔལ་འབྱོར་དཔེར་ལེན་ལ་ཤུགས་སྣོན་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་ཀྱིས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་དང་ལེན་རྒྱ་ཆེར་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་དང་དབུས་གནས་གྲོགས་པོའི་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་དུ། འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་མོ་གསུམ་དངོས་འབེབས་བྱས་ནས་གྲུབ་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བརྩི་སྲུང་བྱེད་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ལག་ལེན་བྱེད་པ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་དེ་སྔར་ལས་འདྲ་མཉམ་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐུབ་ཚབ་རང་ཞིན་དང་གཏམ་བཤད་དབང་ཆ་ཇེ་ཆེར་གཏོང་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཐུར་ཁེ་ནི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་གཉིས་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། མཛའ་མཐུན་མཉམ་ལས་ནས་འཐབ་ཇུས་གྲོགས་པོ་དང་། དེ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོར་ཐོལ་བརྒལ་བྱུང་བ་མངོན་འགྱུར་བྱས་ཡོད། མིག་སྔར་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐུའུ་ཁུའུ་མན་སི་ཐན་གྱིས་སྟོབས་ལྡན་རྒྱལ་ཁབ་ཀྱི་དུས་རབས་གསར་བའི་བསྐྱར་དར་དམིགས་འབེན་ལ་ཁ་ཕྱོགས་ནས་འབད་འབུངས་བྱེད་བཞིན་ཡོད་པས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་དང་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་རྒྱབ་སྐྱོར་གང་ལེགས་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་ཕུན་སུམ་ཚོགས་པར་བྱེད་པ། ཕྱོགས་གཉིས་ཀྱི་རིམ་པ་ནས་ལས་སྐལ་ཐུན་མོང་ཚོགས་པ་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
དབུས་གནས་གྲོགས་པོའི་ཚན་ཆུང་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པར་ཐུའུ་ཁུའུ་མན་སི་ཐན་གྱིས་གྲོས་འདོན་བྱས་པ་ལྟར་བཙུགས་པ་དང་། ཀྲུང་གོ་ནི་ཐོག་མར་གྲོས་འདོན་བྱེད་པའི་རྒྱལ་ཁབ་བཅོ་བརྒྱད་ཀྱི་གྲས་ཡིན། ཐེངས་འདིའི་དབུས་གནས་གྲོགས་པོའི་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་མགོ་ཁྲིད་པའི་གྲོས་ཚོགས་དེ་དྲ་ཐོག་བརྒྱུད་ནས་སྤེལ་བ་དང་། བརྗོད་སྙིང་ནི་གྲོས་ཁང་མཉམ་ལས་ཀྱི་ཞི་བདེ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ནུས་པ་ཞེས་པ་དེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།