གྲོས་གཞི་ནི་དམངས་སེམས་དང་དམངས་ཀྱི་འདོད་བློ། དམངས་ཀྱི་སེམས་འདུན་བཅས་མཚོན་པའི་ཆ་འཕྲིན་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་སྲིད་གཞུང་ལ་བློ་འདོན་ཇུས་འབུལ་བྱེད་པའི་རིག་སྟོབས་ཡིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཁོངས་ཞུགས་སྡེ་ཁག་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཆབ་སྲིད་ཀྱི་བརྩེ་བ་ཆེན་པོ་དང་འགན་འཁྲི་ཁག་ཁུར་དྲག་པོ་བཅངས་ཏེ་གྲོས་གཞི་བརྒྱུད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་བློ་འདོན་ཇུས་འབུལ་བཟང་བོ་བྱས། ཚོགས་ཆེན་ལ་བསྡོམས་པས་གྲོས་གཞི་སུམ་བརྒྱ་གྱ་དྲུག་འབྱོར་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་དེ་གྲོས་གཞི་ཉིས་བརྒྱ་གོ་གཅིག་ཐོ་འགོད་བྱས་པ་དང་། ཐོ་འགོད་བྱས་ཚད་བརྒྱ་ཆའི་དོན་ལྔ་དང་གྲངས་ཆུང་བཞི་ལ་སླེབས།
གྲོས་ཚོགས་སྐབས་སུ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་སྡེག་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་གནས་བཞི་མགྱོགས་མྱུར་ངང་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ལ་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་དང་འབྲེལ་བའི་གྲོས་གཞི་ཉེར་དགུ་དང་དཔལ་འབྱོར་འཛུགས་སྐྲུན་ཕྱོགས་དང་འབྲེལ་བའི་གྲོས་གཞི་བརྒྱ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཕྱོགས་དང་འབྲེལ་བའི་གྲོས་གཞི་གོ་དགུ། སྤྱི་ཚོགས་ཁྲིམས་ལུགས་ཕྱོགས་དང་འབྲེལ་བའི་གྲོས་གཞི་ཉེར་བཞི། མང་ཚོགས་ཀྱི་འཚོ་བའི་ཕྱོགས་དང་འབྲེལ་བའི་གྲོས་བཞི་སོ་དྲུག མི་རིགས་ཆོས་ལུགས་ཕྱོགས་དང་འབྲེལ་བའི་གྲོས་གཞི་གསུམ་བཅས་བཏོན།
ཞིང་ཆེན་སྲིད་གྲོས་གྲོས་གཞི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་མཚམས་སྦྱོར་བྱས་དོན། སྤྱིའི་ཆ་ནས་བལྟས་ན། སྲིད་གྲོས་ཁོངས་ཞུགས་སྡེ་ཁག་སོ་སོ་དང་ཨུ་ཡོན་རྣམས་ཀྱིས་བཏོན་པའི་གྲོས་གཞི་སྔར་ལས་གཟབ་ནན་དང་བརྗོད་དོན་སྔར་ལས་གཅིག་བསྡུས། བརྟག་དཔྱད་བྱས་པ་སྔར་ལས་ཏན་ཏིག་ཡིན་ལ། སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།