ཞི་ཅིན་ཕིང་གིས་སི་ཐུའུ་པུའུ་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཧྥུན་ལན་གྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།
2024.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཐུའུ་པུའུ་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཧྥུན་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཧྥུན་ལན་གྱི་འབྲེལ་བས་ཉེ་བའི་ལོ་འགའི་རིང་ལ་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་ཐོགས་བསྐྲུན་ཡོད། བདག་གིས་ཀྲུང་གོ་དང་ཧྥུན་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཙུང་ཐུང་སི་ཐུའུ་པུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧྥུན་ལན་གྱི་མཛའ་བརྩེ་རྒྱུན་འཛིན་དང་། གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས་ཀྲུང་གོ་དང་ཧྥུན་ལན་གྱི་མ་འོངས་པར་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བར་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།