རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་འཚོགས་འགོ་བརྩམས།
2024.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས17ཉིན་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེ་ཨར་གྲོང་ཁྱེར་དུ་འཚོགས་འགོ་བརྩམས། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་འགོ་རྩོམ་མཛད་སྒོར་ཞུགས་ནས་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཚེས17ཉིན་གྱི་དགོང་མོར་ནང་སོག་གི་དར་ཤུད་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་མྱུར་ཚད་དར་ཤུད་ཁང་དུ་ལང་ཚོའི་གསོན་ཤུགས་དང་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་ཤིང་། ཆུ་ཚོད20ཡི་ཐོག་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་འགོ་བརྩམས་པ་དང་། དེ་འགོ་རྩོམ་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་ཁག་གཉིས་སུ་དབྱེ་ཡོད། འགོ་རྩོམ་མཛད་སྒོའི་ཐོག་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་སུན་ཧྲའོ་ཁྲིན་གྱིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀའོ་ཀྲི་ཏན་གྱིས་འགོ་རྩོམ་གཏམ་བཤད་སྤེལ། འགོ་རྩོམ་མཛད་སྒོར་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལིས་ཞ་ཡིས་འགོ་འཛིན་བྱས།

ཆུ་ཚོད20དང་སྐར་མ36ཐོག་རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་ན་ཚོགས་རའི་མི་ཡོངས་ཀྱིས་དགའ་བསུ་བྱས།

དེའི་རྗེས་སུ“གངས་འཁྱག་བརྩེ་བ་སྦར་ནས་བྱང་ཁུལ་དུ་ཕུགས་འདུན་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས།  རིག་རྩལ་འཁྲབ་སྟོན་གྱི་གྲས་སུ་འགོ་བརྗོད་ཀྱི་ལེའུ《ཐུན་མོང་གི་ཁྱིམ་གཞིས》ཞེས་པ་དང་། ལེའུ་གཙོ་བོ《རི་ཀླུང་ཀུན་ཏུ་མཛེས་སྡུག་ལྡན》《གངས་འཁྱག་གི་ལུས་རྩལ་སྤྲོ་འཛོམས》《ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད》《ཐུན་མོང་གི་འབྱུང་འགྱུར》ཞེས་པ་སོགས་ཚུད་ཡོད། འཁྲབ་སྟོན་ནང་ཀྲུང་གོའི་ཉམས་འགྱུར་དང་མི་རིགས་ཀྱི་རང་གཤིས། བྱང་ཁུལ་གྱི་ཁྱད་ཆོས། ལུས་རྩལ་གྱི་གསོན་ཤུགས་བཅས་ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་ཀུན་གྱི་མིག་ལམ་དུ་བཤམས།

སྐབས་འདིའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནི་སྐབས་རིམ་བྱུང་གི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གཞི་ཁྱོན་ཆེས་ཆེ་ཤོས་དང་རྣམ་གྲངས་ཆེས་མང་ཤོས། ཚད་གཞི་ཆེས་མཐོ་ཤོས་བཅས་ཀྱི་འགྲན་ཚོགས་ཤིག་རེད། ནང་སོག་གི་འགྲན་ཁུལ་སོ་སོ་ལས་གཞན། འགྲན་བསྡུར་རྣམ་གྲངས་ཁག་གཅིག་ནི་པེ་ཅིང་ཡན་ཆིན་དང་ཧི་པེ་ཀྲང་ཅ་ཁུག་གི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཁང་དུ་བསྡུ་རྒྱུ་ཡིན་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཞང་ཀང་དང་ཨོ་མིན་ས་ཁུལ་བཅས་ནས་ཡོང་བའི་འཐུས་ཚབ་ཚོགས་པ35ཡི་ལུས་རྩལ་པ3000ལྷག་རྩལ་འགྲན་ལུས་རྩལ་དང་ཚོགས་སྤྱིའི་རྣམ་གྲངས་འགྲན་སྡུར་ལ་ཞུགས་ནས་རྣམ་གྲངས་ཆེ་བ8དང་ཡན་ལག་རྣམ་གྲངས16། རྣམ་གྲངས་ཆུང་བ180ཡི་འགྲན་རྩོད་བྱ་རྒྱུ་རེད།