ཟླ2པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་བདུན་པ་འཚོགས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དཔེ་མཚོན་ཡིན་པའི“འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཚང་མར་མཐུན་སྒྲིལ་བྱས་ཏེ་མཉམ་འབྲེལ་སྒོས་རང་སྟོབས་རང་སྤེལ་བྱས་ནས། གཞི་གཅིག་ཅན་དང་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་རྒྱལ་ཁའི་ངང་ཞུགས་པ་དེས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་ཨ་ཧྥེ་རི་ཁའི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་མངོན་སུམ་གྱིས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པ། ཕྱོགས་གཉིས་ཀས་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཐུན་མོང་འཕེལ་རྒྱས་ཀྱི་བསམ་འདུན་མངོན་འགྱུར་ཡོང་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་གཏན་འབེབས་བྱས་ཡོད། 2024ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྐབས་གསར་པ་འཚོགས་རྒྱུ་ཡིན་པས། ངས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་འགོ་ཁྲིད་པ་དང་མཉམ་དུ། ཕྱོགས་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་དམ་པོར་དམིགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འཆར་གཞི་གསར་བར་འཆར་འགོད་ཞིབ་ཚགས་བྱས་ནས། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།