ཟླ2པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་བཟོ་ལས་ཁེ་ལས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་ལས་ཅན་གསར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་བཟོ་ལས་ཅན་གསར་བའི་སྐུལ་སྤེལ་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འགོ་བཟང་པོ་ཞིག་རྩོམ་པ་དང་གོམ་པ་ཡག་པོ་ཞིག་སྤོས་ཏེ་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་ཐོན་རྫས་འགྲེམ་སྟོན་ཚོམས་ཆེན་དང་། སྨན་སྐུར་ལྟེ་གནས། ཐོན་སྐྱེད་འཁོར་ཁང་སོགས་སུ་སོང་སྟེ། ཡུལ་དངོས་ནས་ཐོན་རྫས་འགྲེམ་སྟོན་དང་། རིག་ནུས་ཟོང་སྡེབ། ཐོན་སྐྱེད་བཟོ་རྩལ་སོགས་ལ་ཞིབ་བལྟ་བྱས་ཤིང་། ཁེ་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད་བདག་གཉེར། ཚོང་ར་རྒྱ་སྐྱེད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ནན་ཏན་སྒོས་ཉན་པ་དང་། ཁེ་ལས་ཀྱིས་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ལ་དམ་དུ་དམིགས་ཏེ། གཙོ་ལས་བོད་སྨན་སྔོག་འདོན་ཟབ་མོ་དང་། ཞིབ་འཇུག་ལ་གཞོལ་ཤུགས་དང་ལག་རྩལ་གྲབས་གསོག་གི་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཚན་རྩལ་མཉམ་བསྲེས་བྱེད་པ། སྤུས་ཚད་མཐོ་བའི་ཐོན་རྫས་ལ་བརྟེན་ནས་དགོས་མཁོར་སྣེ་ཁྲིད་བྱེད་པ་དང་། ཚོང་ར་རྒྱ་བསྐྱེད་ནས་སྲོག་ཤིང་འགྲན་རྩོད་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་པ་སོགས་ཀྱི་སྐུལ་མ་བཏང་།
ཟི་ལིང་དམིགས་བསལ་རྣོ་ལྕགས་མ་རྐང་ཚད་ཡོད་ཀུང་ཟི་རུ་ཐོན་པ་ན། ཝུའུ་ཞའོ་ཅུན་ལྕགས་དབྱུག་ཆུང་བ་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། ཡུལ་དངོས་ནས་ཐོན་སྐྱེད་བཟོ་རྩལ་གྱི་བརྒྱུད་རིམ་ལ་ཞིབ་བལྟ་བྱས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་ཁག་ཁུར་དང་བརྩེ་བ་ཇེ་དྲག་ཏུ་བཏང་སྟེ། ཆེད་ལས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། འབད་པ་ཆེན་པོས་གསོན་ཤུགས་གསར་བར་བསྒྱུར་བ་དང་། སྒུལ་ནུས་གསར་བར་བསྒྱུར་བ། ཐོན་ལས་དང་ཐོན་ལས་འབྲེལ་ལམ། ཐོན་རྫས་སྒྲིག་གཞི་སྙོམ་པ་སོགས་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཚོང་རྟགས་གསར་བ་དང་ཚོང་ར་གསར་བ་མུ་མཐུད་དུ་རྒྱ་བསྐྱེད་དགོས་ཟེར།
དེའི་རྗེས་སུ་བསྡུས་པའི་བཟོ་ལས་འཕེལ་རྒྱས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དམིགས་བསལ་རྣོ་ལྕགས་དང་། མཚོ་སྔོན་ལིས་ཧའོ། ཐེན་ཧི་ཉི་འོད་ནུས་པ། ཧྲིན་ཡོན་ས་གདན། ཀྲུང་ཧྥུའུ་ཧྲིན་དབྱིན། མཚོ་སྔོན་ཡུན་ཐེན་ཧྭ། རྨ་ཆུ་ཞིན་ལས། མཚོ་སྔོན་ནོ་ཏི། ཡ་གླིང་ཁུའེ་ལས་སོགས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ཡར་ཞུ་བྱས་པར་ནན་ཏན་གྱིས་ཉན་པར་མ་ཟད། ཁེ་ལས་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་གཞུང་སྒྲུབ་བྱས་ཤིང་། རེ་རེ་བཞིན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་ཐབས་བཏོན། ཁོས་ནན་གྱིས་བསྟན་དོན། ལོ་གཅིག་གི་འཆར་གཞི་དཔྱིད་ཚུགས་པ་ནས་འགོ་རྩོམ་དགོས་པས། ལོ་གསར་བའི་ནང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་དངོས་འབེབས་དམ་འཛིན་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱེད་པ། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ཡང་དག་བྱེད་པ། བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་གདིང་ཤུགས་ཇེ་དྲག་ཏུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་དམ་འཛིན་དང་དངུལ་གཏོང་རྒྱ་བསྐྱེད་དེ། རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ་དང་། འབད་འཐབ་ཀྱིས་ཕན་ཡོད་དངུལ་གཏོང་གི་བར་སྟོང་གསར་བ་རྒྱ་སྐྱེད་གཏོང་བ། ཕན་འབྲས་མཐོ་བའི་ཚོང་འགུག་དངུལ་འདྲེན་བྱ་བ་དམ་འཛིན་བྱེད་པ་དང་། འཕར་གཞི་གསར་བ་གསོ་སྐྱོང་བྱེད་དགོས། ནུས་ཤུགས་ཡོད་རྒུས་དོ་དམ་དམ་འཛིན་དང་ཕན་ནུས་འཕར་བར་བྱས་ཏེ། རང་འགུལ་གྱིས་ཚོང་རའི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ནུས་ཚད་ཇེ་ཆེར་གཏོང་བ། མ་རྩ་ཇེ་དམའ་དང་ཕན་འབྲས་འཕར་བར་བྱེད་པའི་བྱ་བ་མུ་མཐུད་ཞིབ་མོར་སྒྲུབ་པ། ལྷད་མེད་ཐཱན་ཉུང་འཁོར་སྐྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྙོམ་ཚད་དམ་འཛིན་དང་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་ཞིབ་མོ་བྱེད་པ་དང་། ཧུར་ཐག་གིས་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱེད་པ། ནུས་པ་ཡོད་ཚད་བཏོན་ནས་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་དགོས་ཟེར།
ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་རྟོག་ཞིབ་བྱེད་རོགས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།