ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས།
2024.02.19 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 44

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས་པར་མ་ཟད་བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས་ཏང་གི་ལོ་རྒྱུས་ཀྱི་ལོ་རྒྱུས་ལ་བརྟེན་ནས་དེང་སྐབས་ལ་དཔྱད་པ་དང་སྲིད་སྐྱོང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན་ཞེས་བསྟན་ཡོད། 《སྲོལ་ཡིག》ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་སྒྲིག་ཡིག་དེ་རྩ་བའི་གཞི་འཛིན་སར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་སྒྲིག་སྲོལ་དང་། བྱ་བའི་འགན་འཁྲི། ནང་དོན། རྣམ་པ་གཙོ་བོ། འགན་ལེན་དང་ལྟ་སྐུལ་སོགས་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་ཡོད་པ་དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་གཞི་རྩའི་བསྲུང་བྱ་ཡིན། 《སྲོལ་ཡིག》གཏན་འབེབས་དང་ལག་བསྟར་བྱས་པ་དེས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ལོ་རྒྱུསལེགས་པར་སྦྱོང་བ་དང་ཏང་གི་ལོ་རྒྱུས་ལེགས་པར་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ལོ་རྒྱུས་བསླབ་པར་བརྟེན་ནས་གནས་ལུགས་རྟོགས་པར་བྱེད་པ་དང་། ལོ་རྒྱུས་བསླབ་པར་བརྟེན་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་བསླབ་པར་བརྟེན་ནས་སྤྱོད་བཟང་སྐྱོང་བ། ལོ་རྒྱུས་བསླབ་པར་བརྟེན་ནས་འབད་འབུངས་ཡར་བརྩོན་བཅས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན། 

བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས《སྲོལ་ཡིག》གི་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་གཙོ་ཤུགས་འགན་འཁྲི་ཏན་ཏིག་གིས་བསྒྲུབ་སྟེ། ཏང་གི་གསར་གཏོད་གཞུང་ལུགས་སློབ་རྒྱུ་དེ་ཏང་གི་ལོ་རྒྱུས་ཀྱི་རྩ་བའི་ནང་དོན། ཏང་གི་ལོ་རྒྱུས་ཀྱི་བསྡོམས་ཚིག ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་བཅས་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་དཀྱིལ་སྙིང་བྱ་བ་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པར་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན། 

ཤ་བོ་གསེར་མཚོས་བསྒྱུར།