ཟླ2པའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས། 《ས་ཞིང་དོ་དམ་ལམ་ལུགས་བཅོས་སྒྱུར་ལ་བརྟེན་ནས་ཁྱད་སྟོབས་ཆེ་བའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《དཔལ་འབྱོརསྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》། 《གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་ནུས་པ་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར》། 《ཁྱོན་ཡོངས་གསར་གཏོད་ཀྱི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ངང་གྲུབ་པར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར》། 《ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ》། 《ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་བཞི་ལོའི་བྱ་བ་གཙོ་བོ》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་སྐབས། སྤྱི་ཁོག་སྲིད་ཇུས་དང་ས་ཁོངས་འཕེལ་རྒྱས་ལ་སྔར་ལས་ཕན་ལྡན་སྒོས་འབྲེལ་མཐུད་བྱེད་པའི་ས་ཞིང་དོ་དམ་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་རྒྱུ་རྐྱེན་བཀོད་སྒྲིག་གི་གནད་འཁེལ་རང་བཞིན་དང་བེད་སྤྱོད་ལས་ཆོད་སྔར་ལས་ཇེ་མཐོར་གཏོང་བ། རང་བདག་ནུས་པའི་གཅུན་སྡོམ་ཕན་ནུས་ཅན་དང་རྒྱལ་ཁོངས་གསར་སྤེལ་མཐུན་སྦྱོར་རིམ་ལྡན་གྱི་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་རྒྱུར་སྐུལ་འདེད་གཏོང་བ། ས་ཞིང་རྒྱུ་རྐྱེན་ལ་བརྟེན་ནས་དགེ་མཚན་ལྡན་པའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་ལེན་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ནི། ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཤིག་ཡིན་པས། ཅིས་ཀྱང་ཁྱོན་ཡོངས་ནས་ཚུལ་སྒྱུར་དང་མཐུན་སྦྱོར་ཚུལ་སྒྱུར། གསར་གཏོད་ཚུལ་སྒྱུར། བདེ་འཇགས་ཚུལ་སྒྱུར་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱིས་སྣེ་ཁྲིད་བྱས་ཏེ། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས། འཕྲལ་བསྟུན་དོ་དམ་བྱ་བའི་སྟོབས་ཤུགས་གཏིང་ཟབ་སར་སིམ་པར་བྱེད་པ་དང་འོག་རིམ་ལ་འགན་ལེན་ནུས་ལྡན་བྱེད་པ། གནད་འགག་གི་སར་སླེབས་པར་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་འགོག་སེལ་བྱས་ནས། གནོད་འཚེ་དང་འབྲེལ་བའི་དོན་རྐྱེན་ཅི་རིགས་དུས་ཐོག་ཏུ་ནུས་ལྡན་ངང་ཐག་གཅོད་བྱེད་དགོས་ལ། བདེ་འཇགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་ཚོད་འཛིན་བྱེད་པའི་གནད་དོན་མངོན་གསལ་ཅན་ལ་དམ་པོར་དམིགས་ཏེ། གསར་གཏོད་བྱས་ཏེ་གང་ཞིག་བསྒྲུབ་རྒྱུ་དང་སུས་གསར་གཏོད་ལ་རྩ་འཛུགས་བྱེད་རྒྱུ། ཇི་ལྟར་བྱས་ནས་གསར་གཏོད་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་རྒྱུ། བཅོས་སྒྱུར་འགག་སྒྲོལ་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས་གསར་གཏོད་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་བསྟན་དོན། ས་ཁོངས་ཀྱི་དཔལ་འབྱོར་བཀོད་སྒྲིག་དང་རྒྱལ་ཁོངས་བེད་སྤྱོད་ལ་སྤྱི་འདོམས་ཡག་པོ་བྱས་ནས། ས་གནས་སོ་སོའི་ནུས་པའི་ངེས་གནས་དང་ཐོན་ཁུངས་རང་སྤུས་ནས་རྐང་ཚུགས་པར་བྱེད་པ་དང་། ས་ཞིང་དོ་དམ་གྱི་སྲིད་ཇུས་སྡེ་ཚན་ཞིབ་ཕྲ་བཟོ་བ། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཁྱད་སྟོབས་ཆེ་བའི་ས་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་ཡག་པོ་བྱེད་དགོས། རྒྱལ་ཁོངས་བར་སྟོང་དོ་དམ་དང་ཚོད་འཛིན་གྱི་ས་མཚམས་དོན་འཁྱོལ་ནན་མོ་བྱས་ཏེ། རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ས་ཞིང་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་ནན་སྲུང་བྱེད་པ་དང་། ལས་དོན་སྒྲུབ་པའི་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། འཚོལ་ཞིབ་རང་བཞིན་ལྡན་ལ་ཤིན་ཏུ་དགོས་གལ་ཆེ་བའི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་བརྟན་པོ་དང་གཟབ་ནན་གྱིས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བར་ཅིས་ཀྱང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་རྒྱུ་དང་། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་རྣམ་པ་བསྐྲུན་པ། ཐོན་ལས་གྲུབ་ཆ་དང་ནུས་ཁུངས་གྲུབ་ཆ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཆ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་བཅས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ངང་གྲུབ་པར་བྱེད་པ་བཅས་ལ་འབད་དགོས། ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་གྲོན་ཆུང་ལ་སྐུལ་འདེད་གཏོང་བ་དང་འཛད་སྤྱོད་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ལྗང་མདོག་ཚན་རྩལ་གསར་གཏོད་དང་སྔོན་ཐོན་ལྗང་མདོག་ལག་རྩལ་ཁྱབ་བརྡལ་དང་བེད་སྤྱོད་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་དངུལ་རྩ། དངུལ་གཏོང་། རིན་གོང་སྲིད་ཇུས། འབྲེལ་ཡོད་ཚོང་ར་ཅན་བཅས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ལྗང་མདོག་ཚུལ་སྒྱུར་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། དོ་དམ་སྒྲིག་སྲོལ་མཐུན་སྦྱོར་ཡོང་བར་བྱས་ནས། ཏང་གིས་གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་བྱ་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། འཕྲལ་བསྟུན་དོ་དམ་སྡེ་ཁག་གི་ཕྱོགས་བསྡུས་དགེ་མཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཕྱོགས་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།“འགོག་པ”དང“སྐྱོབ་པ”ཡི་འགན་འཁྲི་སྦྲེལ་མཐུད་གང་ལེགས་བྱེད་པ། བདེ་འཇགས་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། འགལ་རྐྱེན་གཙང་བཤེར་དང་ཉེན་ཁ་དབྱེ་འབྱེད། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ། དུས་ཐོག་ཏུ་སྒོ་རྒྱག་དོ་དམ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དོན་རྐྱེན་མ་བྱུང་སྔོན་ལ་འགོག་ཟོན་བྱེད་པ་དང་ཀུན་གྱི་སྔོན་ལ་དོན་རྐྱེན་གྱི་འབྱུང་རྩ་ཤེས་རྟོགས་བྱེད་པ། གནད་དོན་ཆུང་ས་ནས་ཐག་གཅོད་བཅས་བྱེད་དགོས། འགན་སྲུང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྨང་གཞིའི་རང་བཞིན་གྱི་མ་དངུལ་གཏོང་གྲངས་སྔར་ལས་ཇེ་མང་དུ་གཏོང་བ། ས་ཁུལ་གྱི་མི་འབོར་དང་དཔལ་འབྱོར་གྱི་གཞི་ཁྱོན། གནོད་འཚེ་དང་དོན་རྐྱེན་གྱི་ཁྱད་ཆོས། བདེ་འཇགས་ཉེན་ཁའི་ཚད་རིམ་སོགས་ཀྱི་རྒྱུ་རྐྱེན་ལ་དམ་པོར་དམིགས་ཏེ། སྐབས་བསྟུན་མྱུར་སྐྱོབ་སྟོབས་ཤུགས་ཆ་ཚང་དང་སྟོབས་ལྡན་སྒོས་བཀོད་སྒྲིག་གང་ལེགས་བྱེད་དགོས། གཞི་རིམ་ལས་བྱེད་པར་སློབ་གསོ་གཏོང་བ་དང་སྐྱེད་སྲིང་སྦྱོང་བརྡར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། སྤྱི་ཚོགས་དང་སྤྱི་དམངས་ཀྱི་ཉེན་ཁ་འགོག་ཟོན་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོར་བྱེད་ནུས་སྔར་ལས་ཇེ་ཆེར་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ངང་གྲུབ་པར་བྱེད་རྒྱུ་ནི། ཚན་རྩལ་སྒྲིག་སྲོལ་ལམ་སྲོལ་གྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་སྡུད་གཅིག་གྱུར་ངང་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་བ་སྔར་ལས་འཐུས་ཚང་དུ་གཏོང་བ། རང་བདག་མཐུན་སྦྱོར་དང་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག བསྔགས་སྐུལ་རང་གཅུན། སྒོ་འབྱེད་དང་བདེ་འཇགས་སོགས་ཐད་ཀྱི་གནད་དོན་མངོན་གསལ་ཅན་ལ་དམ་པོར་དམིགས་ཏེ། ལམ་ལུགས་ཀྱི་ཞན་ཆ་དུས་ལྟར་གསབ་དགོས། ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ། ཐོན་ལས་གསར་གཏོད་བཅས་ཀྱི་ཆོས་ཉིད་མི་འདྲ་བར་དམིགས་ཏེ། རིགས་དགར་ནས་ལམ་ལུགས་ཇུས་འགོད་བྱེད་ཤུགས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། བཅོས་སྒྱུར་གྱི་ཚོད་ལྟ་བྱེད་གནས་གལ་ཆེན་སྔོན་ལ་གསར་སྤེལ་བྱེད་དགོས། མ་ལག་འདུས་གྲུབ་ལ་ཤུགས་བསྣན་ནས། གསར་དུ་བཏོན་པའི་བྱེད་ཐབས་དང་གསར་དུ་བཟོས་པའི་ལམ་ལུགས་ལ་སྲིད་ཇུས་ཀྱི་དཔྱད་འཇོག་གཅིག་གྱུར་བྱས་ནས། ཕྱོགས་གཅིག་སར་ཤུགས་སྣོན་པ་དང་མཉམ་ཤུགས་གྲུབ་པར་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་བཏོན་པའི་བླང་བྱ་གསར་བ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ལ། ཚན་རིག་དང་མཐུན་པའི་ངང་འགོ་རྩོམ་ས་གསར་བའི་སྟེང་བཅོས་སྒྱུར་བྱ་བར་ཇུས་འགོད་བྱས་ཏེ། གནད་ཁེལ་ཤུགས་འདོན་དང་མཐུན་སྦྱོར་ངང་ཤུགས་སྣོན། རྒྱུན་མཐུད་ངང་ཤུགས་སྣོན་པ་བཅས་བྱས་ནས། སྐྱོད་ལམ་གསར་བར་སྒུལ་ཤུགས་དང་གསོན་ཤུགས་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཅོས་སྒྱུར་ལས་འགན་བཀོད་སྒྲིག་བྱས་པའི་གནས་ཚུལ་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་དང་། བཅོས་སྒྱུར་ཡིག་ཆ་གལ་ཆེན་ཁག་ཅིག་ལ་ཞིབ་འཇུག་བྱས་པ་དང་གྲོས་འཆམ་བྱུང་ནས། སྟོབས་ཤུགས་གཅིག་སྡུད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་གང་ལེགས་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་རྩ་འཛུགས་དང་ལག་བསྟར་བྱས་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ། ཚན་རྩལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་འགན་འཁྲི་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་ལ། ཀྲུང་དབྱང་གི་ངོས་ནས་བཅོས་སྒྱུར་བྱེད་པའི་ལས་འགན་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཡོད། གཙོ་གནད་བཅོས་སྒྱུར་གྱི་ལས་འགན་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་བ་དང་། དེའི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་ནས། བཅོས་སྒྱུར་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ད་ལོ་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན་ཞིང་། ད་ལོའི་ལས་འགན་གཙོ་བོ་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏོང་རྒྱུར་ཇུས་འགོད་བྱ་རྒྱུ་དེ་ཡིན་ལ། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་གྱི། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་ལག་ལེན་གྱི་རྒྱུན་མཐུད་ཅིག་ཡིན་ལ། སྐྱོད་ལམ་གསར་བའི་སྟེང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་བ་ཞིག་ཀྱང་ཡིན། བཅོས་སྒྱུར་སྒོ་འབྱེད་ཀྱི་གནད་འགག་བྱེད་ཐབས་འདི་སྤྱད་ནས། འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། སྐྱོད་ལམ་གསར་བའི་སྟེང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ནང་མཁོ་རྒྱ་སྐྱེད་དང་གྲུབ་ཚུལ་ལེགས་སྒྱུར། ཡིད་ཆེས་འཕེལ་བར་བྱེད་པ། དམངས་ཚིས་འགན་ལེན། ཉེན་ཁ་འགོག་སེལ་བྱེད་པ་བཅས་ལ་ཕན་པའི་བཅོས་སྒྱུར་བྱེད་ཐབས་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཆེས་འགག་རྩའི་གནད་དོན་དང་ཆེས་དགོས་གལ་ཆེ་བའི་གནད་དོན་གཅིག་བསྡུས་ཀྱིས་ཐག་གཅོད་བྱེད་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ལ་དམ་པོར་དམིགས་ཏེ། བཅོས་སྒྱུར་གྱི་འཐབ་ཇུས་གཙོ་གནད་དང་དགེ་མཚན་ཆེ་བའི་གོ་རིམ། གཙོ་རྒོལ་ཁ་ཕྱོགས། སྐུལ་འདེད་གཏོང་སྟངས་བཅས་ཁ་གསལ་བཟོས་ནས། བཅོས་སྒྱུར་གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་རྒྱུ་དང་། ཁྱབ་ཁོངས་སོ་སོའི་གཙོ་གནད་བཅོས་སྒྱུར་ལས་འགན་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། བཅོས་སྒྱུར་གྱི་བྱེད་ཐབས་ལ་ཁྲིད་ཕྱོགས་མངོན་གསལ་ཡོང་བར་བྱེད་པ་དང་། གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། བཅོས་སྒྱུར་གྱི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཕྱོགས་གང་ཅིའི་ཐད་ཀྱི་བཅོས་སྒྱུར་གྱི་བརྩོན་སེམས་བསྐྱེད་རྒྱུ་དང་། བཅོས་སྒྱུར་གྱི་ངོས་འཛིན་སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་སྐུལ་སྤེལ་དང་དོན་འཁྱོལ་ནུས་ལྡན་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་རྒྱ་ཁྱབ་ངང་ཉན་པ། གཞི་རིམ་དང་མང་ཚོགས་ཀྱིས་གསར་དུ་བཏོན་པའི་ཉམས་མྱོང་གསར་བ་དུས་ཐོག་ཏུ་སྤྱི་སྡོམ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱས་རྗེས་འཇོག་པར་བསྟོད་བསྔགས་བཅས་བྱས་ཏེ། གསར་གཏོད་བྱེད་ཕོད་པ་དང་བདེན་འཛིན་དངོས་གཉེར། གསར་གཏོད་ཡར་བརྩོན་བཅས་ཀྱི་བཅོས་སྒྱུར་གྱི་སྣང་ཚུལ་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།