ཟླ2པའི་ཚེས19ཉིན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ལས་གཞི་གལ་ཆེན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“རྣམ་གྲངས་དམ་འཛིན་དང་རྣམ་གྲངས་ཆེན་པོ་དམ་འཛིན”བྱེད་པའི་ཁ་ཕྱོགས་གསལ་བོ་ཡིད་ལ་བརྟན་པོར་འཛིན་པ་དང་། ཡིད་ཆེས་ཇེ་བརྟན་དང་སྒོ་འབྱེད་གསར་སྐྲུན་བྱེད་པ། འཆར་འགོད་དང་སྲིད་ཇུས། རྟེན་གཞི། རྣམ་གྲངས། ཁེ་ལས་བཅས“ཕྱོགས་ལྔ་གཞི་གཅིག”ཏུ་སྤེལ་བའི་རྣམ་པ་འཛུགས་པར་དམིགས་ཏེ། ལས་གཞི་གལ་ཆེན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། བཟོ་སྐྲུན་ལས་གཞི་གལ་ཆེན་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འགག་རྩ་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་སྔོན་ལ་དམ་འཛིན་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྟེན་གཞི་འཛུགས་སྐྲུན་གཙོ་གནད་དུ་བྱེད་པ་དང་། ཆུ་གློག་གལ་ཆེན་དང་ཆུ་གསོག་འཐེན་གྱིས་འདེགས་སྐྱོར་བྱེད་པ། རྒྱུ་མང་གསོག་འཇོག་གིས་དཔེ་སྟོན་བྱེད་པ་བཅས་ཀྱི་ནུས་ཁུངས་གཙང་མའི་ལས་གཞི་བཀོད་སྒྲིག་ལེགས་པོ་བྱས་ནས་གློག་ཁུངས་ཀྱི་གྲུབ་ཆ་སྔར་ལས་ལུགས་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དྲ་སྦྲེལ་གྱི་ཁུངས་སྣེ་དུས་རིམ་བཞིན་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཐོན་སྐྱེད་དང་གཉེར་འཚོང་གི་འགལ་བ་ཞི་འཇགས་ཡོང་བར་བྱེད་པ། གསོག་འཇོག་ཁྲོམ་ར་འཕེལ་རྒྱས་ཡག་པོ་གཏོང་བ། ལྗང་མདོག་གློག་གི་རིན་ཐང་ནུས་ལྡན་ངང་ཇེ་མཐོར་གཏོང་བ། ནུས་ཁུངས་འགན་ལེན་བྱེད་པའི་རིན་གོང་བརྟན་འཇགས་སུ་གཏོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། གློག་ཁུངས་ཀྱི་རོགས་སྐྱོར་དང་གསབ་རེས་ལ་དམིགས་ཏེ་རླུང་གློག་འོད་ནུས་རྟེན་གཞི་འཛུགས་སྐྲུན་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་གློག་ཁུངས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། སོལ་གློག་གི་ཆ་ཚང་གློག་ཁུངས་ཆ་སྡེབ་བྱེད་པར་ཤུགས་སྣོན་པ། བྱེད་ཐབས་སྣ་ཚོགས་སྤྱད་དེ་གློག་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ་བཅས་བྱེད་དགོས། གློག་དྲ་ཕན་ཚུན་སྦྲེལ་མཐུད་ལ་དམིགས་ཏེ་དྲ་སྦྲེལ་བརྟན་པོ་བཙུགས་ནས་ཕྱིར་གཏོང་གི་ནུས་པ་ཇེ་ཆེར་གཏོང་བ་དང་། གློག་དྲའི་ཁེབས་རྒྱ་འཐུས་ཚང་དུ་གཏོང་བ། རོང་འབྲོག་ཁུལ་གྱི་གློག་དྲ་སྲ་བརྟན་དང་ཕན་ནུས་ཇེ་མཐོར་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། ཞབས་ཞུའི་འགན་ལེན་ཡག་པོ་བྱ་རྒྱུར་དམིགས་ཏེ་སྲིད་གཞུང་གི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཇེ་བརྟན་དུ་གཏོང་བ། ཁེ་ལས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ལས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།