རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་ཆད་གཏན་འབེབས་དང་ལག་བསྟར་སྔར་ལས་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས།
2024.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 132

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན《དངུལ་ཆད་གཏན་འབེབས་དང་ལག་བསྟར་སྔར་ལས་ཚད་ལྡན་ཅན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས་ནས། སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ་ཁྲོད་ཀྱི་དངུལ་ཆད་གཏན་འབེབས་དང་ལག་བསྟར་བྱེད་པར་ཐེངས་དང་པོར་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་ཅན་དུ་བཏང་།

《བསམ་འཆར》ལས་བསྟན་དོན། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་ཆད་གཏན་འབེབས་བྱེད་པ་དང་དངུལ་ཆད་གཏན་འབེབས་ཀྱི་དབང་ཚད་ནན་སྲུང་བྱེད་པ། ཚན་རིག་དང་མཐུན་པའི་ངང་ནོར་འཁྲུལ་དང་ཆད་པ་འདྲ་མཚུངས་ཀྱི་རྩ་དོན་སྤྱོད་པ། དངུལ་ཆད་གཅོད་པ་དང་དངུལ་ཆད་ཀྱི་གྲངས་འབོར་གཏན་འཁེལ་བྱེད་སྐབས། གུ་ཡངས་གཏོང་དགོས་ངེས་ཀྱི་རིགས་ལ་ངེས་པར་དུ་གུ་ཡངས་གཏོང་རྒྱུ་དང་། གཟབ་ནན་བྱེད་དགོས་ངེས་ཀྱི་རིགས་ལ་ངེས་པར་དུ་གཟབ་ནན་བྱེད་དགོས་པ་ལས། དོ་མི་མཉམ་པར་བྱ་མི་རུང་། དངུལ་ཆད་ལག་བསྟར་བྱེད་སྒོ་གཟབ་ནན་སྒོས་ཚད་ལྡན་དུ་བཏང་ནས། ནོར་འཁྲུལ་དང་ཆད་པ་འདྲ་མཚུངས་ཡོང་བ་དང་ཁྲིམས་དང་གནས་ལུགས་མཉམ་འདྲེས་ཐུབ་པར་འགན་ལེན་བྱེད་དགོས། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡུལ་དངོས་མ་ཡིན་པའི་ཁྲིམས་འཛིན་རྒྱུན་མཐུད་ངང་ཚད་ལྡན་ཅན་དུ་བཏང་ནས། 2024ལོའི་ཟླ12པའི་ཟླ་མཇུག་སྔོན་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་། སྲུང་ལམ་དོན་གཅོད་ཁང་བཅས་ཀྱིས་ཁྲིམས་བསྟར་རིགས་ཀྱི་གློག་རྡུལ་ལག་རྩལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་གཙང་བཤེར་དང་ཚད་ལྡན་ཅན་དུ་གཏོང་བའི་བྱ་བ་ཡོངས་འགྲུབ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།