ཟླ2པའི་ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། གཡོ་འགུལ་གཏན་ནས་མི་བྱེད་པ་གཉིས་དང་བདེ་ཐང་གཉིས་ཀྱི་བྱེད་ཕྱོགས་སྲིད་ཇུས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་ལ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་སེམས་ཁུར་བྱས་པ་དང་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ལེགས་པར་བསྐྱེད་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་ཞིང་སྔར་ལས་མང་བའི་དམངས་གཉེར་དཔལ་འབྱོར་གྱི་སྟོབས་ཤུགས་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།
གྲོས་ཚོགས་སྟེང་རང་ཞིང་གི་ཕུལ་བྱུང་དམངས་གཉེར་ཁེ་ལས་ལྔ་བཅུ་དང་ཕུལ་བྱུང་དམངས་གཉེར་ཁེ་ལས་པ་བཞི་བཅུ་ལ་གཟེངས་བསྟོད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཞིང་ཆེན་སྲིད་གཞུང་གིས་གཏན་འབེབས་བྱས་ནས་བཏོན་པའི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་ཐབས་འགའ་ཞེས་པའི་གནས་ཚུལ་སྐོར་ནས་གསལ་བཤད་བྱས། ཕུལ་བྱུང་དམངས་གཉེར་ཁེ་ལས་པའི་འཐུས་མི་ཞུའེ་ཐིན་དང་ཏོན་ཡུང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་གཏམ་བཤད།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱི་ལས་གཏོད་པ་དང་ལས་སྒྲུབ་པ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོབ་དང་གཅེས་སེམས་འབུལ་མཁན་གྱི་ལས་རིགས་སོ་སོའི་མི་སྣ། དུས་ཡུན་རིང་བོར་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་སུ་འབད་འཐབ་བྱེད་ཀྱིན་པའི་བློ་མཐུན་དག་ལ་བླ་མེད་ཀྱི་གུས་འདུད་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་དམངས་གཉེར་དཔལ་འབྱོར་་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། མིག་སྔར་རང་ཞིང་གི་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་དེ་སྤུས་ཚད་དང་གྲངས་ཚད་གཉིས་ཐད་ནས་འཕེལ་བའི་དུས་རིམ་་གལ་ཆེན་དུ་གནས་པ་དང་། གོ་སྐབས་གསར་བར་འཕྲད་ཡོད་ལ་དཀའ་ཁག་དང་འགྲན་སློང་ཡང་གནས་ཡོད་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་ཁེ་ལས་པ་རྣམས་ཀྱིས་འཕེལ་ཕྱོགས་ལ་སེམས་ལ་ངེས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཚེ། སྣང་ཚུལ་གསར་བ་ཞིག་གི་སྒོ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསུ་ཐུབ་པ་ཤ་སྟག་ཡིན་ཞེས་བཤད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དམངས་གཉེར་དཔལ་འབྱོར་སྟོབས་ལྡན་དུ་སོང་ན་ད་གཟོད་མཚོ་སྔོན་སྟོབས་ལྡན་དུ་འགྲོ་སྲིད་ལ། དམངས་གཉེར་དཔལ་འབྱོར་ལ་གསོན་ཤུགས་ཆེས་ཆེར་རྒྱས་ཚེ་ད་གཟོད་མཚོ་སྔོན་གྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་སྲིད་པས། ངེས་པར་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལས་འགན་འཁུར་སེམས་དང་འགན་འཁྲིའི་བསམ་པ། བྲེལ་མྱུར་བསམ་པ་བཅས་ཇེ་དྲག་ཏུ་བཏང་ནས། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འདུ་ཤེས་སྔར་ལས་བསྒྱུར་ནས་དངོས་སུ་དམངས་གཉེར་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་གནས་གལ་ཆེན་དུ་འཇོག་པ་དང་དམངས་གཉེར་ཁེ་ལས་ལ་གཅེས་སྐྱོང་དང་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར། དམངས་གཉེར་ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་ཁྲིད་ཕྱོགས་བཙུགས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དམངས་གཉེར་ཁེ་ལས་སྔར་ལས་མང་བོ་འབུར་དུ་ཐོན་པར་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ནས་ཁེ་ལས་སྔོན་ལ་འཛིན་པ་དང་ཞབས་ཞུ་རྩ་བར་འཛིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་བཏང་ནས་ཞབས་ཞུ་མང་དུ་ཞུ་བ་དང་ཐེ་གཏོགས་མི་བྱེད་པ། རོགས་རམ་མང་དུ་བྱེད་པ་དང་རྙོག་དྲ་མི་བཟོ་བ། ལམ་རྟགས་མང་བོ་འཛུགས་པ་དང་ལམ་གེགས་མི་བཟོ་བ་བཅས་བྱས་ཏེ། མཛའ་གཙང་གི་སྲིད་ཚོང་འབྲེལ་བ་གསར་བ་འཛུགས་དགོས། ཁེ་ལས་ལ་རོགས་འདེགས་བྱེད་པ་དང་ཁེ་ལས་ལ་ཕན་པ་སྒྲུབ་པའི་སྲིད་ཇུས་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་འགྲེལ་བཤད་ལ་ཤུགས་སྣོན་པ་དང་སྲིད་ཇུས་གསར་རྙིང་གི་ནུས་ལྡན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཁྲལ་རིན་གཉིས་གཅོག་སོགས་ཀྱི་སྲིད་ཇུས་ཐད་ཀར་ལོངས་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་གི་འགན་སྲུང་ཇེ་དྲག་ཏུ་བཏང་ནས་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་བསྟར་གཞོགས་འདེགས་ལ་ཤུགས་སྣོན་པ། འགན་ནུས་སྡེ་ཁག་གི་བྱ་བའི་གཙོ་ཤུགས་དེ་ཁེ་ལས་ལ་དོ་དམ་བྱེད་པ་ནས་ཞབས་ཞུ་ལེགས་སྒྱུར་བྱེད་པའི་སྟེང་འདོན་དགོས། རྒྱུ་ཆའི་འགན་སྲུང་ཇེ་དྲག་ཏུ་བཏང་ནས་ཚད་ཡོད་པའི་ཐོན་ཁུངས་སྔོན་ལ་སྦས་ཤུགས་ཆེ་ཞིང་འཕེལ་ཚུལ་བཟང་བའི་ཁེ་ལས་ཐད་བཀོལ་ནས། ཁེ་ལས་ཀྱི་རྒྱུ་ཆའི་མ་རྩ་ཇེ་དམའ་རུ་གཏོང་དགོས། དངུལ་བསྡུའི་གནད་དོན་སྔར་ལས་བཟང་བོར་ཐག་བཅད་ནས་དམངས་གཉེར་དཔལ་འབྱོར་གྱི་དངུལ་བསྡུའི་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་རང་བཞིན་གྱི་དངུལ་བསྡུ་འགན་ལེན་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས་དངུལ་རྩའི་གསོན་ཤུགས་དམངས་གཉེར་ཁེ་ལས་ཀྱི་ཕྱོགས་སུ་བསྐྱེད་པར་སྣེ་ཁྲིད་བྱེད་དགོས། སྒེར་ཚོང་གཉེར་མཁན་ལ་སྔར་ལས་དོ་སྣང་བྱས་ནས་སྒེར་ཚོང་གཉེར་མཁན་གྱི་འཕེལ་རྒྱས་ཐད་མཐུན་རྐྱེན་བསྐྲུན་ཏེ། སྒེར་ཚོང་གཉེར་མཁན་གྱི་བདེ་ཐང་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་ཡར་སྐུལ་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དར་ཆ་མངོན་གསལ་སྒོས་ཏང་གིས་དམངས་གཉེར་དཔལ་འབྱོར་བྱ་བར་འགོ་ཁྲིད་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཡིག་ངོས”ནས“ཡུལ་དངོས”ཀྱི“ཆེས་མཇུག་མཐའི་སྤྱི་ལེ་གཅིག”ལེགས་པར་བགྲོད་ནས་ཁེ་ལས་དང་ཁེ་ལས་པའི་བར་གྱི་འབྲེལ་ལམ་སྔར་ལས་གེགས་མེད་ཡོང་བར་བྱས་ཏེ། དུས་ལྟར་དམངས་གཉེར་དཔལ་འབྱོར་གྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་དེ་སྲིད་ཇུས་དང་བྱེད་ཐབས་སུ་འགྱུར་བར་བྱེད་དགོས། དམངས་གཉེར་དཔལ་འབྱོར་གྱིས་རང་ལ་སྟོབས་ཤུགས་འཛོམས་པར་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་དམིགས་ནས་ལོ་བརྒྱའི་ཚོང་རྟགས་བསྐྲུན་པའི་བསམ་ཕྱོགས་ཀྱིས་ཁེ་ལས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་ངེས་གནས་ལ་འཆར་འགོད་བྱེད་པ་དང་། རང་སྟེང་གི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་ནས་རང་རྟོགས་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། ཧུར་ཐག་གིས་འགོ་ཁྲིད་སྒྲིག་གཞིར་ཤུགས་སྣོན་པ་དང་དམངས་གཉེར་དཔལ་འབྱོར་གྱི་ཏང་འཛུགས་ལ་ཤུགས་སྣོན་པ། དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་རང་ཞིང་གི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་འབད་པས་གཏོད་དགོས།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནི་ལོ་སར་རྗེས་ཀྱི་ཞིང་ཆེན་ཡོངས་ཀྱི་རང་བཞིན་གྱི་གྲོས་ཚོགས་ཐོག་མ་ཡིན་ལ། འདིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་ལེགས་པར་མཚོན་པ་དང་། ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་པར་མཚོན་ཞིང་། སྤྱི་ཚོགས་སྟེང་ལ་འགོ་ཡག་པོ་རྩོམ་པ་དང་གོམ་ཁ་ཡག་པོ་སྒྱུར་བ། ལག་བསྟར་འཛིན་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཁྲིད་ཕྱོགས་གསལ་བོ་བསྟན་ཡོད། ཧུར་ཐག་གིས་ཁོར་ཡུག་ལེགས་སྒྱུར་སྟེང་ཤུགས་བཏོན་ནས་སྟབས་བདེ་ནུས་མཐོའི་སྲིད་དོན་ཁོར་ཡུག་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག ལེགས་ཁྲིམས་ལེགས་སྐྱོང་གི་ཁྲིམས་སྐྱོང་ཁོར་ཡུག ཁ་དན་ཚིག་གནས་ཀྱི་ཡིད་རྟོན་ཁོར་ཡུག་བཅས་བསྐྲུན་ནས་དམངས་གཉེར་ཁེ་ལས་ཀྱི་དོན་དག་དེ་རང་དོན་དུ་བརྩིས་ཏེ་དུས་ཐོག་ཏུ་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས། ཧུར་ཐག་གིས་གནད་དོན་ཐག་གཅོད་པའི་སྟེང་ཤུགས་བཏོན་ནས་གནད་དོན་ལ་ཐད་ཀར་དུ་དམིགས་པ་དང་བླང་བྱ་ལྟར་ལེགས་བཅོས་བྱས་ནས་གནད་དོན་ཕན་ནུས་ལྡན་པའི་ངང་ཐག་བཅད་དེ་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་མཉམ་ཤུགས་གྲུབ་པར་བྱེད་པའི་སྟེང་ཤུགས་བཏོན་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་མཚོ་སྔོན་ལ་མ་དངུལ་གཏོང་བ་དང་མཚོ་སྔོན་ནས་ལས་གཏོད་བྱེད་པ། མཚོ་སྔོན་ནས་འབད་བརྩོན་བྱེད་པ་བཅས་ཀྱི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ནས་ཐོན་ལས་གསར་བ་སྔོན་འདོན་བྱེད་པ་དང་ལས་རྣམ་གསར་བ་གསོ་སྐྱོང་བྱེད་པ། བར་སྟོང་གསར་བ་རྒྱ་བསྐྱེད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས།
གྲོས་ཚོགས་ཀྱི་སྔོན་ལ། ཁྲིན་ཀང་མཚོ་སྔོན་ནོ་ཏི་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཀྲུང་ལིས་འོད་འབྱེད་ཚི་སྐུད་ཚད་ཡོད་ཀུང་སི། ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་ཚོང་ཚོགས། མཚོ་སྔོན་དབྱི་ན་ཝེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་སུ་སོང་ནས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།
གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་དང་གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་དང་གྲོང་ཁྱེར། ཆུའུ་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཉི་མ་སྒྲོལ་མ། ལོས་ཀང་། ཀྲང་ཞའོ་རོང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།