ཧྲི་ཐའེ་ཧྥིན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་ཐུག་འཕྲད་བྱས།
2024.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ2པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་པེ་ཅིན་དུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་ཐུག་འཕྲད་བྱས།

ཧྲི་ཐའེ་ཧྥུན་གྱིས་པཎ་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། པཎ་ཆེན་རིན་པོ་ཆེས་ཧྲི་ཐའེ་ཧྥུན་ལ་ཁ་བཏགས་ཕུལ།

ཧྲི་ཐའེ་ཧྥུན་གྱིས་པཎ་ཆེན་རིན་པོ་ཆེས་འདས་ཟིན་པའི་ལོ་གཅིག་གི་རིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་ལེགས་བྱས་པ་དང་། པཎ་ཆེན་རིན་པོ་ཆེས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ཏེ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཆབ་སྲིད་དང་རིག་གནས་ཀྱི་བྱང་ཚད་དང་ཆོས་ལུགས་ཀྱི་ཡོན་ཚད་མུ་མཐུད་ཇེ་མཐོར་གཏོང་བ།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

པཎ་ཆེན་རིན་པོ་ཆེས་སློབ་སྦྱོང་ལ་སྔར་ལས་ལྷག་པའི་ཤུགས་བསྣན་ནས། ཆབ་སྲིད་ཀྱི་བྱང་ཚད་དང་ཆོས་ལུགས་ཀྱི་ཡོན་ཚད་ཟམ་མི་ཆད་པར་ཇེ་མཐོར་བཏང་སྟེ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།