
ཟླ2པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་ཀོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ཡིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོང་ཀོ་པུའུ་བར་གྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན། འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་རབ་དང་རིམ་པ་བྱུང་ནའང་། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་ཀྱིས་མཉམ་ལས་བྱས་པ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་སྟེ། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་ཡག་པོ་ཞིག་དང་དཔལ་འབྱོར་གྱི་ཐད་ནས་མཉམ་ལས་གཉིས་ཕན་གྱི་ཟླ་གྲོགས་ཡག་པོ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་བར་འགྲོ་འོང་བྱེད་ཐེངས་མང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཇེ་ཆེར་ཕྱིན་ལ། དངོས་སྒྲུབ་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་བཅས་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་ཡོད་ཅིང་། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལ་ཀྱི་གསོན་ཉམས་ལྡན་པའི་མངོན་སྟངས་ཤིག་ཡིན། ངས་ཀྲུང་གོ་དང་ཁོང་ཀོ་པུའུ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཙུང་ཐུང་སཱ་སུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བ་དེ་འགོ་རྩོམ་ས་གསར་བར་བརྩིས་ནས། ཀྲུང་གོ་དང་ཁོང་ཀོ་པུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།
སཱ་སུའུ་ཡིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཛའ་མཐུན་གྱི་ངང་ནས་ཞི་བདེ་དང་དྲང་བདེན། དར་རྒྱས་བཅས་ཀྱི་ཐུན་མོང་འཚོལ་སྙེག་དོན་གཉེར་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་མགྱོགས་མྱུར་ངང་འཕེལ་བར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་དུ། མཉམ་ལས་རྒྱ་ཁྱབ་ངང་བྱས་པར་དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ངས་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཟབ་སྤེལ་བྱས་ནས། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།