རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་བསྡུས།
2024.02.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ2པའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཚོགས་འདུའི་ཐོག་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གྲ་སྒྲིག་བྱ་བ་བསྒྲུབས་པའི་སྙན་ཞུར་གསན་པ་དང་། རྗེས་ཕྱོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་བསྟན་དོན། གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་ཚུན་ལ། ཚན་ཆུང་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་ཐད་ནས་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་བའི་མཐོ་ཚད་ནས་གྲ་སྒྲིག་བྱ་བར་ངོས་འཛིན་བྱས་པ་དང་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཚན་ཆུང་སོ་སོ་དང་ལས་ཁུངས་སོ་སོས་སླར་ཡང་ཞིབ་བསྡུར་དང་། བསྐྱར་དུ་ཞིབ་བཤེར་དང་ཆད་གཅོད། བསྐྱར་དུ་ཁ་སྐོང་བཅས་བྱས་ནས་གྲ་སྒྲིག་བྱ་བ་འཕྱུགས་མེད་ཡོང་བར་འགན་ལེན་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་ངང་རང་འཁྲིའི་བྱ་བ་ཡག་པོར་སྒྲུབ་སྟེ་སྤུས་ཚད་མཐོན་པོས་ལས་འགན་སོ་སོ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འགན་འཁྲི་དོན་འཁྱོལ་ལ་སྔར་ལས་ཤུགས་བསྣན་ནས་བྱ་བ་ཁག་སོ་སོ་ཆད་ལུས་མེད་པར་འགན་ལེན་བྱས་ཏེ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། གསུམ་ནས་གཙོ་གནད་ལྷུ་ཚིགས་སྟངས་འཛིན་སྔར་ལས་ཡག་པོ་བྱེད་པ་དང་། ལྷག་པར་དུ་སྨྱན་སྦྱོར་སྒོ་འབྱེད་ཉིན་མོ་རྩ་འཛུགས་ལག་བསྟར་ཡག་པོ་བྱས་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཐུས་མིའི་ཉམས་འགྱུར་ཡག་པོར་ངོམ་དགོས། བཞི་ནས་ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་སྔར་ལས་གཟབ་ནན་དུ་བཏང་སྟེ་རྣམ་པ་བཟང་པོ་དང་། སྤྲོ་སེམས་རབ་ཏུ་འཁོལ་བ། དངོས་གཉེར་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་མཚོ་སྔོན་འཐུས་ཚབ་ཚོགས་པའི་བསམ་པའི་ཉམས་འགྱུར་བཟང་པོ་སླར་ཡང་མངོན་པར་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།