2024ལོའི་ཐའེ་ཝན་བྱ་བའི་གྲོས་ཚོགས་ཟླ2པའི་ཚེས22ཉིན་ནས་ཚེས23ཉིན་བར་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཡང་དག་པའི་ངང་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་བའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་དང་ཏང་ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དངོས་འབེབས་དོན་འཁྱོལ་བྱེད་དགོས། ཝང་ཧུའུ་ཉིང་གིས་ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། འགན་འཁྲི་ཁུར་སེམས་ཆེན་པོ་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས། ཐའེ་ཝན་བྱ་བ་ཡག་པོར་སྒྲུབ་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། མཚོ་འགག་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་ཤེས་རིག་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་བཀག་འགོག་བྱེད་པ། གླིང་ཕྲན་ནང་ཁུལ་གྱི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཐའེ་ཝན་སྤུན་ཟླར་མཐུན་སྒྲིལ་རྒྱ་ཆེར་བྱེད་པ། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བཅས་བྱེད་དགོས། ཏང་གིས་ཐའེ་ཝན་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་དགོས།
ཝང་དབྱི་ཡིས་་ཚོགས་འདུར་འགོ་འཛིན་བྱས། ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།