ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2024.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ2པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་གནད་དོན་ལ་ཞིབ་འཇུག་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་དངོས་སྐྱེལ་མ་རྩ་ནུས་ལྡན་ངང་ཇེ་དམའ་རུ་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས།   ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་སྐབས། ཐོན་རྫས་གསར་སྒྱུར་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རེས་སྐོར་གསར་བའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། དངོས་སྐྱེལ་ནི་དངོས་ཕུང་དཔལ་འབྱོར་གྱི“རྩ་བ”ལྟ་བུ་ཡིན་པས། ཐོན་སྐྱེད་དང་འཛད་སྤྱོད། ཚོང་དོན་དང་ཕྱི་ཕྱོགས་ཚོང་དོན་བཅས་སྦྲེལ་མཐུད་བྱེད་ན་ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་དངོས་སྐྱེལ་མ་རྩ་ནུས་ལྡན་ངང་ཇེ་དམའ་རུ་གཏོང་དགོས་པ་དང་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཆོད་སྔར་ལས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏེན་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་སྐོར་གྱི་སྙན་ཞུ་ཕུལ་བར་ཉན་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ་བཅས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་དངོས་སྐྱེལ་མ་རྩ་ནུས་ལྡན་ངང་ཇེ་དམའ་རུ་གཏོང་བའི་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་བཅས་ཀྱིས་ཡིག་ཐོག་ནས་སྙན་ཞུ་ཕུལ།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པ་དེས་དངུལ་གཏོང་དང་འཛད་སྤྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་ངེས་ཡིན་ལ། འཕྲལ་ཕུགས་གཉིས་ཀར་ཕན་པ་ངེས་ཅན་ཡོད། སྲིད་ཇུས་སྡེབ་སྒྲིག་ཡག་པོ་བྱེད་པ་དང་སྔོན་ཐོན་ཐོན་ནུས་ཀྱི་བསྡུར་ཚད་མུ་མཐུད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་དང་སྤྱོད་ཡུན་ཆེ་བའི་འཛད་སྤྱོད་དངོས་རྫས་སྔར་ལས་གང་མང་སྡོད་དམངས་ཀྱི་འཚོ་བའི་ཁྲོད་སིམ་པར་བྱེད་པ། བེད་མེད་རྙིང་གོག་གི་ཐོན་ཁུངས་སླར་ཡང་འཁོར་སྐྱོད་ཀྱིས་བཀོལ་སྤྱོད་བྱེད་པ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་སྤུས་ཚད་དང་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་བ། ཚོང་ར་གཙོ་བོར་འཛིན་པ་དང་སྲིད་གཞུང་གིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔོན་ཐོན་ལ་བསྟོད་བསྔགས་དང་རྗེས་ལུས་འདོར་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚད་གཞི་ལྟར་ཁྲིད་སྟོན་དང་གོ་རིམ་ལྡན་པའི་སྒོ་ནས་མཐོར་འདེགས་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཐོན་སྐྱེད་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་ཆས་སྣ་ཚོགས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་སྲོལ་རྒྱུན་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱོད་ཡུན་རིང་བའི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞི་ཁྱོན་ཆེ་བའི་ཚུར་བསྡུ་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། “གསར་སྒྱུར་དང་ཚུར་བསྡུའི”དངོས་སྐྱེལ་མ་ལག་དང་རྣམ་པ་གསར་བའི་འཕེལ་རྒྱས་ལ་ཤུགས་སྣོན་དགོས། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཀྲུང་དབྱང་ནོར་སྲིད་དང་ས་གནས་སྲིད་གཞུང་གི་མཉམ་འགུལ་རྒྱུན་འཁྱོངས་བྱས་ནས། འབྲེལ་ཐག་ཧྲིལ་བོ་དང་ལྷུ་ཚིགས་སོ་སོར་སྤྱི་འདོམས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འཛད་སྤྱོད་པར་ཕན་པ་སྔར་ལས་གང་མང་བསྐྲུན་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཚོགས་ཡོངས་ཀྱི་དངོས་སྐྱེལ་མ་རྩ་ཇེ་དམའ་རུ་གཏོང་རྒྱུ་ནི། དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཆོད་ཇེ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དངོས་སྐྱེལ་གྱི་མ་རྩ་ཇེ་དམའ་རུ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་གྱི་འབབ་ས་ནི། དངོས་ཕུང་དཔལ་འབྱོར་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ། གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ནི་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡིན་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། ཐབས་ལམ་གཙོ་བོ་ནི་གྲུབ་ཚུལ་ལེགས་སྒྲིག་དང་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྐྱེལ་འདྲེན་གྱི་མ་རྩ་དང་གསོག་ཉར་གྱི་མ་རྩ། དོ་དམ་གྱི་མ་རྩ་བཅས་ནུས་ལྡན་ངང་ཇེ་དམའ་རུ་གཏོང་རྒྱུ་དེ་ཡིན། སྐྱེལ་འདྲེན་སྒྲིག་གཞི་ལེགས་སྒྱུར་དང་། “ལམ་འདྲེན་ལྕགས་སྒྱུར”དང“ལམ་འདྲེན་ཆུ་སྒྱུར”ལ་ཤུགས་སྣོན་པ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་བཅོས་སྒྱུར་ཟབ་སྤེལ་བཅས་བྱས་ཏེ། གཅིག་གྱུར་དང་ཕན་འབྲས་ཆེ་བ། འགྲན་རྩོད་གོ་རིམ་ལྡན་པ་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཚོང་ར་གྲུབ་པར་བྱེད་དགོས། མ་ལམ་གཙོ་བོ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་འགག་གནད་གེགས་མེད་ཤར་གཏོང་བྱེད་པ། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་དང་ལས་སྟེགས་དཔལ་འབྱོར་དང་བར་སྟོང་དམའ་བའི་དཔལ་འབྱོར། ཁ་ལོ་པ་མེད་པར་རླངས་འཁོར་གྱི་རིགས་སྐོར་བ་སོགས་ཟུང་འབྲེལ་བྱས་ཏེ། དངོས་སྐྱེལ་གྱི་རྣམ་པ་གསར་བར་སྐུལ་མ་གཏོང་དགོས། དངོས་སྐྱེལ་ལྟེ་གནས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་སྒྲིག་བྱེད་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་། མཁའ་འབྲེལ་དཔལ་འབྱོར་དང་གྲུ་འབྲེལ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་གཏོང་དགོས།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།