ལིས་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ2པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། 2023ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་གིས་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་གཞི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་འགུག་དང་བེད་སྤྱོད་བྱེད་པའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱས་ཤིང་། ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བ་སྔར་ལས་ཡག་པོར་བསྒྲུབ་རྒྱུར་བཀོད་སྒྲིག་བྱས། 《གཏོང་སྤྲོད་ཞབས་ཞུ་སྔར་ལས་ཇེ་ལེགས་དང་སྟབས་བདེ་ཅན་དུ་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《ཆུ་གྲོན་ཆུང་སྒོས་སྤྱོད་པའི་སྲོལ་ཡིག་འཆར་ཟིན》《སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སྲོལ་ཡིག་འཆར་ཟིན》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་སྲོག་ཡིག་འཆར་ཟིན》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གྲོས་གཞི་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་སྲིད་གཞུང་གིས་ཁྱོན་ཡོངས་ནས་འགན་འཁྲི་ལག་བསྟར་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་གིས་ན་ནིང་སྒྲུབ་འགན་འཁུར་བའི་གྲོས་གཞི་ཚང་མ་དུས་ཐོག་ཏུ་བསྒྲུབས་ཟིན་པ་དང་། འབྲེལ་ཡོད་ཁྱབ་ཁོངས་སུ་སྲིད་ཇུས་དང་བྱེད་ཐབས་ཉིས་སྟོང་ལྷག་བཏོན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཙོ་གནད་དང་དཀའ་གནད་ཁག་ཅིག་ཐག་གཅོད་བྱས་ཡོད། རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”འཚོགས་ལ་ཉེ་བས། ད་ལོའི་གྲོས་གཞི་སྒྲུབ་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནན་ཏན་གྱིས་ལེགས་པར་སྒྲུབ་དགོས་པ་དང་། ཀུན་གྱི་སྣེ་ཁྲིད་དེ་སྒྲུབ་རྒྱུར་སྤྲོད་པ་དང་སྒྲུབ་རྒྱུར་ལྟ་སྐུལ་དང་དཔྱད་ཞིབ་བྱེད་པ་སོགས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། དོན་འཁྱོལ་དམ་འཛིན་དང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་གྲོས་གཞི་སྒྲུབ་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ནི་ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཕྱི་ཕྱོགས་ཀྱི་མ་དངུལ་བརྟན་པོ་ཡོང་བར་བྱ་རྒྱུ་དེ་ད་ལོའི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་ཤུགས་སྣོན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྲོམ་རའི་ཆོག་འཐུས་སྔར་ལས་རྒྱ་སྐྱེད་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གེགས་མེད་འཁོར་རྒྱུག་ཐུབ་པར་བྱེད་པ་སོགས་ཐད་ཀྱི་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་བོ་མུ་མཐུད་བསྐྲུན་ཏེ། ཀྲུང་གོ་རུ་ཕྱི་ཕྱོགས་མ་དངུལ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཚོང་དོན་དངུལ་གཏོང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཕྱོགས་སོ་སོས་མཐུན་སྦྱོར་ངང་འབད་བརྩོན་བྱས་པ་བརྒྱུད། ས་གནས་བུ་ལོན་གྱི་ཉེན་ཁ་སྤྱི་ཡོངས་ནས་ཞི་ལྷོད་དུ་བཏང་བ་དང་། དུས་རིམ་རྗེས་མའི་བྱ་བ་ཡག་པོར་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་དང་མ་ལག་ཚང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ། མཁྲེགས་གཏོར་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། བུ་ལོན་གྱི་ཇུས་གཞི་ཆ་ཚང་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྔར་ལས་སྐུལ་འདེད་གཏོང་དགོས།  འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཉེ་རིང་ཟུང་འབྲེལ་བྱེད་པ། འགག་གནད་མཉམ་སྤྱོད་བྱེད་པ། རྩ་ལག་མཉམ་བཅོས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་གང་མགྱོགས་གྱིས་བཙུགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ས་གནས་བུ་ལོན་གྱི་ཉེན་ཁ་རིམ་བཞིན་སེལ་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།