ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་མཱ་སི་ཁ་ཐེན་སློབ་འབྲིང་གི་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཐུས་ཚབ་ཚོགས་པའི་སློབ་མར་ཡིག་ལན་བསྐུར།
2024.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 102

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱ་ལོའི་བཅོ་ལྔའི་སྐབས་སུ། ཨ་མེ་རི་ཁའི་མཱ་སི་ཁ་ཐེན་སློབ་འབྲིང་གི་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཐུས་ཚབ་ཚོགས་པའི་སློབ་མར་ཡིག་ལན་བསྐུར་ཏེ། ལུགས་རྙིང་ལོ་སར་གྱི་ཤིས་བྱང་གནང་བར་མ་ཟད། ཁོ་ཚོ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། ཨ་མེ་རི་ཁའི་གཞོན་ནུ་ལོ་ཆུང་སྔར་ལས་གང་མང་ཀྲུང་གོ་རུ་བརྗེ་རེས་དང་སློང་སྦྱོང་བྱེད་དུ་ཡོང་བར་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་ཁྱོད་ཚོས་རྒྱ་ཡིག་གི་ཡིག་གཟུགས་ཡག་པོ་བྲིས་ཏེ་ང་ལ་འཕྲིན་ཡིག་བསྐུར་འདུག་ཅིང་། ད་དུང་ལག་བྲིས་བྱས་པའི་ཀྲུང་གོའི་འབྲུག་དང་ལྕགས་རི་རིང་པོ། དོམ་ཁྲ་བཅས་ཀྱང་ཧ་ཅང་གསོན་ཉམས་ཅན་རེད། ངས་ཁྱོད་ཚོ་གྲོང་ཁྱེར་མང་བོ་ཞིག་ཏུ་འཚམས་འདྲིར་སོང་ནས་དོམ་ཁྲར་བལྟས་པ་དང་ཀྲུང་གོའི་ཟས་སྣ་ཞིམ་པོར་རོལ་བ། ཀྲུང་ཧྭའི་རིག་གནས་ཉམས་ལེན་བྱས་པ་བཅས་ཤེས་མ་ཐག  དགའ་ཚོར་ཆེན་པོ་སྐྱེས་བྱུང་།  གོ་ཐོས་སུ་ཁྱོད་ཚོས་ཀྲུང་གོའི་གྲོགས་པོ་ཆུང་ཆུང་མང་བོར་ངོ་ཤེས་སྒྲིག་ཏེ། ཁོ་ཚོ་ཁྱོད་ཚོའི་ཕ་ཡུལ་དུ་འཚམས་འདྲིར་ཡོང་བར་གདན་འདྲེན་ཞུས་ཡོད་ཅིང་། ཁྱོད་ཚོའི་བར་གྱི་མཛའ་བརྩེ་ནི་མི་སེམས་འགུལ་བ་ཞིག་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་བཟང་ཞེས་པའི་གཏམ་དཔེ་ཞིག་ཡོད། ངས1985ལོར་ཐེངས་དང་པོར་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། སྤྲོ་སེམས་འཁོལ་ཞིང་མཛའ་མཐུན་ཆེ་བའི་ཨ་མེ་རི་ཁའི་མི་དམངས་ཀྱིས་ང་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་བྱུང་། ད་ཐེངས་ཀྱི་བརྗེ་རེས་དང་འཚམས་འདྲི་བརྒྱུད་དེ། ཁྱོད་ཚོས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་སྔར་ལས་ཐད་ཀར་དུ་རྒྱུས་ལོན་ཆེན་པོ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད།  ཁྱོད་ཚོ་སླར་ཡང་ཀྲུང་གོ་རུ་ཡོང་བར་དགའ་བསུ་ཞུས་པ་ཡིན་ལ། ཨ་མེ་རི་ཁའི་ལོ་ཆུང་གཞོན་ནུ་གྲོགས་པོ་སྔར་ལས་གང་མང་ཀྲུང་གོར་ཡོང་ནས་བརྗེ་རེས་དང་སློབ་སྦྱོང་བྱས་ཏེ། དངོས་ཡོད་དང་འབུར་ཐོན། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་ཉམས་སུ་མྱངས་ནས། ཀྲུང་གོའི་ལོ་ཆུང་གཞོན་ནུའི་བར་གྲོས་མོལ་བྱེད་པ་དང་གྲོགས་པོ་སྒྲིག་པ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་མཛའ་མཐུན་སྔར་ལས་ཇེ་དམ་དུ་གཏོང་ཆེད། མཉམ་དུ་ལག་གདང་སྦྲེལ་ནས་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཡིག་ལན་ནང་དེ་རིང་ནི་ཀྲུང་གོའི་ཤིང་ཕོ་འབྲུག་ལོའི་རྒྱ་ལོའི་བཅོ་ལྔའི་དུས་ཆེན་ཡིན་པ་དང་། རྒྱ་ལོའི་ཚེས་བཅོ་ལྔའི་དུས་ཆེན་ནི་ཀྲུང་གོ་བས་མཛེས་སྡུག་ལྡན་པའི་འཚོ་བར་སྨོན་ལམ་རྒྱག་པའི་དུས་སྐབས་གལ་ཆེན་ཡིན། ངས་ཁྱོད་ཚོ་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།