ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འཐུས་ཚབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
2024.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ2པའི་ཚེས23ཉིན།  ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འཐུབ་ཚབ་ཀྱི་བཞུགས་མོལ་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་བསྡུས།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བ་དང་གྲོང་གསེབ་དར་སྤེལ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་འགན་འཁྲིའི་ལས་འགན་བརྟན་པོར་ཁུར་བ་དང་མང་ཚོགས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བར་སེམས་ཤུགས་གཅིག་བསྡུས་དང་ནུས་ཡོད་ནུས་ལྡན་སྒོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་དུ།    པའེ་ཡོན་ཞང་དང་ཁྲིན་ལིས་ཧུང་།   ཀྲང་ཝུན་ཁྲིན།   ཀྲའོ་ཡུས།  སངས་རྒྱས་སྒྲོལ་མ།   ཕན་ཅིན་ཧའོ།   ལེང་ལེང་།    ཆིན་ཧའེ་ཀྲིན་བཅས་སྡེ་སྡོད་ཧྲུའུ་ཅི་དང་པོ་བརྒྱད་ཀྱིས་བྱ་བའི་འགན་ནུས་ལ་དམིགས་ཤིང་།  འགན་སྒྲུབ་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་དང་སྦྲེལ་ནས་བརྗེ་རེས་གཏམ་བཤད་བྱས།   ཁྲིན་ཀང་གིས་གཟབ་ནན་གྱིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་ཚང་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།   ཁོས་འདས་པའི་ལོ་གཅིག་གི་རིང་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཤུགས་ཆེན་པོས་སྐུལ་འདེད་བཏང་ཞིང་།    ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་འཐབ་བྱས་ལ།   སྡེ་སྡོད་ལས་བྱེད་པ་ཡོངས་ཞིང་སྡེ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་བ་དང་ནུས་པ་མཐོར་འདེགས་དང་སྤྱོད་ཚུལ་སྦྱོང་བརྡར་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཞེས་བསྟན།

ཁྲིན་ཀང་གིས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་མི་ནི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས།   ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་སྡེ་བའི་ཏང་རྩ་འཛུགས་སྟོབས་ལྡན་དུ་གཏོང་བ།   དམངས་ཕྱུག་སྡེ་སྟོབས་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ།   དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་བཅས་ཀྱི་བྱ་བའི་འགན་ནུས་ལག་བསྟར་བཟང་བོ་བྱེད་དགོས།   འགན་འཁྲིའི་བསམ་པ་བཅངས་ནས་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་སྟེ་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་འཛིན་པ་དང་།   མང་ཚོགས་བར་བཙུགས་པའི་ལྷད་མེད་ཀྱི་མཛའ་མཐུན་འབྲེལ་བར་གཅེས་སྤྲས་བྱེད་པ།   བཟོ་སྐྲུན་སྟོང་ཁྲི་ལག་བསྟར་གཏིང་ཟབ་བྱེད་པ།   མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ།   ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྲུང་སྐྱོང་གཉིས་ལག་བསྟར་བཟང་བོ་བྱེད་དགོས།    འགན་འཁྲིའི་བསམ་པ་བཅངས་ནས་སྡེ་བའི་ཏང་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་བཟང་བོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་འཐབ་རྩོད་བྱེད་ནུས།   འགུག་ཤུགས།  རྩ་འཛུགས་ཀྱི་ནུས་པ་དང་འབོད་སྐུལ་གྱི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བ་དང་།   ཏང་གི་ཞིང་སྡེ་འབྲོག་ཁུལ་གྱི་སྲིད་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དེ་གྲོང་གསེབ་དར་སྤེལ་གྱི་སྣེ་ཁྲིད་མཁན་དུ་འགྱུར་བར་བྱེད་དགོས།    ཤེས་རིག་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས་སྡེ་དམངས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་དང་།   སྡེ་སྡོད་ཀྱི་དུས་ཚོད་བཟང་བོ་དམ་འཛིན་བྱས་ཏེ་དཔེ་ཆ་མང་པོ་ཀློག་པ་དང་རྒྱུན་པར་བསམ་གཞིགས་གཏོང་བ།   ཁྲོམ་རའི་དཔལ་འབྱོར་གྱི་རྩ་བའི་འཁོར་སྐྱོད་ཆོས་ཉིད་དམ་འཛིན་བྱེད་པ།   མཉམ་འབྲེལ་དྲ་བའི་བསམ་གཞིགས་ལག་བསྟར་བཟང་བོ་བྱེད་པ།   མཉམ་འབྲེལ་གཅིག་དང་རོགས་སྐྱོར་གཉིས་ཀྱི་བྱ་བའི་ནང་རྐྱེན་དོན་འཁྱོལ་བཟང་བོ་བཅས་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   མཐོང་རྒྱ་ཆེ་རུ་བསྐྱེད་དེ་བྱ་བའི་ནུས་པ་མཐོར་འདེགས་བཏང་ནས་རང་སྡེ་བའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པར་བྱེད་དགོས་ལ། ལྷག་པར་དུ་ཞིང་ཆེན་གྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ།   འཛམ་གླིང་གི་གནས་ཚུལ་བཅས་ལ་རྒྱུས་མངའ་ཡོད་པར་བྱེད་པ།    སྲིད་ཇུས་དང་སྡེ་ཁག   མང་ཚོགས་ཀྱི་སྟོབས་ཤུགས་བཅས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་མཁས་བྱེད་པ།   སྒོ་འབྱེད་ཀྱི་བསམ་བློ་དང་མཐོང་ཡངས་པའི་མིག་རྒྱར་བརྟེན་ནས་བྱ་བའི་བསམ་ཕྱོགས་སྔར་ལས་གསལ་བ་དང་བྱ་བ་སྒྲུབ་ནུས་སྔར་ལས་ཇེ་ཆེར་གཏོང་དགོས།   བདེ་ཐང་གི་ལུས་སེམས་སྲུང་འཛིན་གྱིས་མང་ཚོགས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་བ་དང་།   འཚོ་བའི་བྱེད་ཐབས་བཟང་བོ་གསོ་སྐྱོང་བྱེད་པ།    རང་སྟེང་གི་སྙོམས་སྒྲིག་བྱེད་ནུས་ཇེ་དྲག་ཏུ་གཏོང་བ།   ལུས་སྟོབས་བཟང་བོ་དང་སེམས་ཤུགས་དྲག་པོས་གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་དང་ལས་འགན་ཁག་ཁུར་བཟང་བོ་བྱས་ཏེ།   ལོ་གསར་བའི་ནང་དུ་རྣམ་པ་སྔར་ལས་བཟང་བོས་སྡེ་སྡོད་བྱ་བའི་ཁྲོད་འདྲེས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཀང་གིས་བཤད་རྒྱུར།    ཞིང་སྡེའི་ཁོར་ཡུག་ཡངས་ཤིང་མདུན་ལམ་རྒྱ་ཆེན་པོ་ཡོད།   རྒྱ་ཆེའི་སྡེ་སྡོད་ལས་བྱེད་པ་རྣམས་ཀྱིས་བརྩེ་བ་རྣལ་མ་ཞིག་བཟུང་ཞིང་།   བྱེད་ཐབས་བཟང་བོ་སྐོར་ཞིག་ལ་རྒྱུས་མངའ་ཡོད་པར་བྱས་ཏེ་ཞིང་སྡེ་རང་ཁྱིམ་བྱེད་པ་དང་མང་ཚོགས་རང་གི་ཁྱིམ་མི་བྱེད་པ།  མང་ཚོགས་ཀྱི་དོན་དག་རང་དོན་དུ་འཛིན་པ།   སྡེ་སྡོད་བྱ་བའི་ཉམས་མྱོང་དག་རང་གི་མི་ཚེ་འདིའི་ཚེ་ནོམ་དུ་བྱེད་པ།    ཉམས་སད་ཐེག་ཐུབ་པའི་བྱ་བའི་གྲུབ་འབྲས་ཤིག་བླངས་ནས་རྩ་འཛུགས་དང་མང་ཚོགས་ཡིད་ཚིམས་པའི་རྒྱུགས་ལན་བཟང་བོ་ཞིག་སྤྲད་དེ་རང་ཉིད་ཀྱི་མི་ཚེ་ལ་མཚར་སྡུག་སྣོན་པ་དང་ཆེས་བརྗེད་པར་དཀའ་བའི་འདས་དོན་ཡོད་པར་བྱེད་དགོས།   འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྡེ་སྡོད་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་ལ། ཆབ་སྲིད་སྟེང་སྐུལ་མ་གཏོང་བ་དང་ཐོབ་ཐང་ཐད་འགན་སྲུང་ཡོད་པ།  བྱ་བའི་ཐད་རྒྱབ་སྐྱོར་བྱེད་པ།   སེམས་ཁམས་སྟེང་གཟིགས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་སྡེ་སྡོད་ལས་བྱེད་པ་ཞིང་སྡེར་ཡོང་བ་དང་དེ་རུ་སྡོད་ཐུབ་པ།  འགན་སྒྲུབ་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱེད་སྐབས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།  ལས་ཁུངས་སོ་སོས་རྩ་འཛུགས་དང་བརྒྱུད་སྒྲོག་སློབ་སྦྱོང་བཟང་བོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་།   ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།  རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་ལག་བསྟར་བཟང་བོ་བྱེད་དགོས་ལ།    ཆད་ལུས་མེད་པར་བྱ་བ་དོན་འཁྱོལ་བཟང་བོ་བྱས་ཏེ་སློབ་སྦྱོང་དང་དངོས་སྒྲུབ།  དངོས་ཕན་བཅས་གཙོར་འཛིན་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས།    དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་སྟེ་གཞི་རིམ་དུ་རྐང་འཛུགས་པ་དང་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ།   ལས་གནས་ལ་རྐང་བཙུགས་ནས་གྲུབ་འབྲས་བཟང་བོ་བསྐྲུན་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་།  བདེ་ཚོར་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།   སྡེ་སྡོད་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་སྟེ་སྡེ་སྡོད་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།  གསར་སྐྲུན་རང་བཞིན་བཅས་མཐོར་འདེགས་གཏོང་བ་དང་།    བྱ་བའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།    ཉི་མ་རེ་རེ་དང་དུས་ཚོད་རེ་རེ་བཀོལ་སྤྱོད་བཟང་བོ་བྱས་ཏེ་མང་ཚོགས་ཀྱི་ཆེད་དུ་སེམས་ཁུར་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོ་ཐག་བཅད་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

ཚོགས་འདུའི་སྔོན་དུ།   ཁྲིན་ཀང་ཧུའུ་ཀྲུའུ་རྫོང་ཡིའུ་ཙུའེ་ཝན་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་ཁུལ་དང་ཧྲུའུ་ཀྲུའུ་ཕན་ཚུན་ཁྱིམ་སྲིད་ཚད་ཡོད་ཀུང་ཟི།   ཕིན་ཨན་ཆུའུ་ཕིན་ཨན་སྲང་ལམ་པའེ་ཅཱ་སྡེ་བའི་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བའི་འཛུགས་སྐྲུན་བྱེད་ཡུལ་སོགས་སུ་སོང་ནས་གྲོང་གསེབ་དར་སྤེལ་དང་ངལ་ལས་དཔལ་འབྱོར།   ཐོན་ལས་མཉམ་སྒུལ་ལ་བརྟེན་ནས་ཞིང་བར་སྐུལ་ཁྲིད་བྱེད་པ།  སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲའོ་ཡུའེ་ཞ་དང་ཚེ་རིང་ཐར།   ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན།   ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས།   ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན།   ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་དང་།   མཚོ་ཤར་གྲོང་ཁྱེར་དང་ཧུའུ་ཀྲུའུ་རྫོང་།   ཝུའུ་ཧྲི་གྲོང་རྡལ།  པན་ཡན་སྡེ་བ་བཅས་ཀྱི་འབྲེལ་ཡོད་བློ་མཐུན།   ས་ཁུལ་བརྒྱད་ནས་ཡོང་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་མིའི་འཐུས་ཚབ་ཉི་ཤུ་བཅས་ཚོགས་འདུར་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།