ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་དྲུག་པ་བསྡུས།
2024.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“དྲང་གཞག་འགྲན་རྩོད་ཀྱི་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཆེད་དོན་སློབ་སྦྱོང་ཐེངས་དྲུག་པ་བྱས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས་གོམ་པ་རེ་རེ་བཞིན་སྤོ་རྒྱུ་དང་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་དང་ཐོད་བརྒལ་གསར་བ་ཡོང་བར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ཝང་དབྱི་མེན་གྱིས་གསལ་འགྲེལ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་ལིའུ་གོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་བཅས་ཀྱིས་གཏམ་བཤད།

ལིས་ཆང་གིས་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཆེན་པོ་ལྡན་པས། མིག་སྔར་དང་ཕྱིན་ཆད་གང་ཡིན་རུང་གལ་འགངས་ཆེན་པོ་ཡིན། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་དང་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཕུན་སུམ་ཚོགས་པ། ཐོན་ལས་མ་ལག་འཐུས་ཚང་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུར་དམ་པོར་དམིགས་ཏེ། གཙོ་གནད་ལས་འགན་སྣ་ཚོགས་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས། དཔལ་འབྱོར་འཁོར་སྐྱོད་ལ་ཚོད་འཛིན་བཟོ་བའི་འགག་གནས་ཏན་ཏིག་ངང་སེལ་བ་དང་། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ལུགས་མཐུན་ངང་འཁོར་སྐྱོད་དང་ནུས་ལྡན་ངང་བཀོད་སྒྲིག་ཐད་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། གཅིག་གྱུར་གྱི་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་ཀྱི་གཏན་འབེབས་ཁྱོན་ཡོངས་ནས་གཙང་སེལ་བྱེད་རྒྱུ་དང་། ཁྲོམ་རར་ཞུགས་ཆོག་མིན་དང་འབྲེལ་བའི་མངོན་གསལ་རང་བཞིན་གྱི་འགལ་རྐྱེན་ཅི་རིགས་ནུས་ཤུགས་ཡོད་རྒུས་སེལ་བ། ས་གནས་ཀྱི་སྲུང་སྐྱོབ་དང་ཁྲོམ་ར་ལོགས་སུ་དགར་བ། ཚོང་འགུག་དངུལ་འདྲེན་སོགས་མངོན་གསལ་དོད་པའི་གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་དགོས་ལ། དུས་མཚུངས་སུ། ས་གནས་ཀྱིས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་ནས། གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་རྒྱུ་དེ་ཏན་ཏན་ཏིག་ཏིག་ངང་མདུན་ཕྱོགས་སུ་འཕེལ་བར་འགན་ལེན་བྱེད་དགོས། ལམ་ལུགས་ཀྱི་མཁོ་སྤྲོད་ལ་ཤུགས་བསྣན་ནས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་ཁྲོམ་རའི་ནང་ཞུགས་ཆོག་མིན། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བཀོལ་སྤྱོད་རང་བཞིན་ཆེ་ཞིང་མ་ལག་ཚང་བའི་སྲིད་ཇུས་ཞིབ་ཕྲ་གཏན་འབེབས་བཟོ་བ། ནོར་ཁྲལ་དང་བསྡོམས་རྩིས་སོགས་ཐད་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་རྒྱུར་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།