ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འགན་སྒྲུབ་གནས་ཚུལ་སྙན་ཞུ་ཕུལ།
2024.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་ལོ་རེ་རེར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་སྙན་ཞུ་འབུལ་བཞིན་ཡོད།  ཉེ་ལམ། འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་སྙན་ཞུ་ཕུལ།

ཞི་ཅིན་ཕིང་གིས་འགན་སྒྲུབ་སྙན་ཞུར་ཞིབ་གཟིགས་གནང་ནས་བླང་བྱ་གལ་ཆེན་བཏོན། ཁོང་གིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། རང་རྟོགས་ཡོད་པའི་སྒོ་ནས“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ། ཀུན་གྱི་སྣེ་ཁྲིད་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ལས་འགན་སྣ་ཚོགས་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་བཅས་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས། བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་འཇགས་ལ་སྐུལ་འདེད་གཏོང་བ། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བའི་བླང་བྱ་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་བསྐྱར་འཕེལ་ལེགས་ཕྱོགས་སུ་འགྲོ་ཚུལ་སྔར་ལས་སྲ་བརྟན་དང་ཇེ་ཆེར་གཏོང་བ་བཅས་བྱས་ནས། དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཐོབ་པར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སྣེ་ཁྲིད་དེ་ཡག་པོར་སྐྱོད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་བཅོས་སྐྱོང་བྱེད་པ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། སྤྱོད་ལམ་ཚུལ་སྒྱུར་ལ་བརྟེན་ནས་བྱ་བ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་ངོས་གསར་བརྗེ་ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་བབ་གཙང་དང་སྤྱོད་གཙང་རང་གཅུན་གྱི་སྟེང་དུ་ཚད་གཞི་འཛུགས་པ་དང་དཔེ་སྟོན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རང་བདག་འགན་འཁྲི་སྒྲུབ་དགོས། རང་ངོས་ཀྱི་འགན་འཁྲི་དངོས་ནས་རྐང་ཚུགས་པར་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏོང་བ། གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ། འགག་རྩར་སྟངས་འཛིན་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་སྔར་ལས་གཅིག་སྡུད་བྱས་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།