
ཟླ2པའི་ཚེས26ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།
གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལོ་ཡོན་གྱིས་ཕུལ་བའི་རྒྱལ་ཁབ་ཀྱི་གསང་བ་སྲུང་བའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། འཆར་ཟིན་གྱི་ཞིབ་བཤེར་བྱེད་ཐེངས་གཉིས་པའི་མ་ཡིག་གིས་གསང་སྲུང་དོན་ཚན་ཁྱབ་ཁོངས་གཏན་འཁེལ་བྱེད་པའི་རྩ་དོན་འཐུས་ཚང་དུ་བཏང་བ་དང་། གསང་བ་གཏན་འཁེལ་དབང་ཚད་སྔར་ལས་ཚད་ལྡན་དུ་བཏང་ལ། གསང་འབྲེལ་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཞིབ་ཕྲ་བྱས་པར་མ་ཟད། གསང་འབྲེལ་མི་སྣ་ལས་གནས་དང་ལས་རྐང་ལས་བྲལ་བའི་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད།
ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ལས་འགན་གལ་ཆེན་ཞིག་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པར་གྲ་སྒྲིག་བྱ་རྒྱུ་དེ་རེད། གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ཀྱི་གྲོས་གཞིར་གྲོས་ཞིབ་བྱས།
གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་གསན།
གྲོས་ཚོགས་ཐོག་ད་དུང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།