ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་ཆེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གཏན་ཁེལ་ལྟར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་དུ་སྐོར་ཐེངས་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤེལ། 2024ལོའི་ཟླ1ཚེས30ཉིན། ཀྲུང་དབྱང་སྐབས་ཉི་ཤུ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ལྟ་ཞིབ་སྙན་ཞུ་ལ་གྲོས་འཆམ་བྱུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ། ལྟ་ཞིབ་ཚན་ཆུང་གིས2024ལོའི་ཟླ2པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ལྟ་ཞིབ་ཀྱི་ལན་བྱིན། ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ལིའུ་ཝེ་ཡིས་ལྟ་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚན་གཙོ་གཞོན་པ་ཧུའུ་ཝེ་ལུའེ་དང་། ལྟ་ཞིབ་ཚན་ཆུང་གི་འབྲེལ་ཡོད་མི་སྣ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད། འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས།
ལྟ་ཞིབ་ཚན་ཆུང་གིས་བལྟས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ལ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱས་པ་དང་། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གཏིང་ཟབ་ཏུ་སྤེལ་ལ། བྱ་བ་སྤེལ་ཤུགས་ཅུང་ཆེ་བ་དང་། གྲུབ་འབྲས་ཅུང་ཆེན་པོ་བླངས།
མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གཙོར་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་། མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དོན་འཁྱོལ་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཀྱིས་ཁྲིམས་འཛུགས་སྤྱི་གྲངས་ཀྱི་བརྒྱ་ཆའི་ཉེར་དྲུག་ཟིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་གྱི་ཟུང་འབྲེལ་མཉམ་ལས་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། ཙོང་ཆུའི་འགྲམ་རྒྱུད་ཀྱི་གྲོང་གསེབ་ཀྱི་བཙོག་ཆུ་བསྡུ་རུབ་ཐག་གཅོད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་སྲུང་སྐྱེལ་བྱེད་པ་སོགས་ཀྱི་ཆེད་དོན་སྐོར་ཞིབ་སྤེལ།
སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་འཛུགས་སྐྲུན་བྱས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་ཡི་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་ཡོངས་འགྲུབ་བྱས་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་འགོག་ར་ཁུལ་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་སོགས་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། རྨ་ནུབ་དོག་ལམ་ནས་ཐ་ཀི་ལ་མ་ཀན་བྱེ་ཐང་འགྲམ་ཀྱི་འགོག་རྒོལ་གཡུལ་འཐབ་ཀྱི་ལས་གཞི་གཙོ་བོ་ལག་བསྟར་བྱེད་འགོ་བརྩམས། བྱེ་ཐང་མུའུ་ས་ཡ་དྲུག་ཁྲི་བཞི་སྟོང་ལྔར་བྱེ་འགོག་བྱེ་བཅོས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་དགུ་ལ་སླེབས། གསའ་དང་གཙོད་སོགས་མཚོན་བྱེད་རང་བཞིན་ལྡན་པའི་སྲོག་ཆགས་རིགས་ཁྱུའི་གྲངས་ཚད་ཐད་ནས་སླར་གསོའི་རྣམ་པ་མངོན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་གྲུབ་འབྲས་ཧ་ཅང་མངོན་གསལ་ཡིན།
ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་བཏང་། བཞུར་རྒྱུད་གཙོ་བོའི་སྲུང་སྐྱོབ་སླར་གསོ་དང་ཆུ་མཚེའུ་བཅོས་སྐྱོང་། བཏུང་ཆུའི་ཆུ་ཁུངས་ས་ཆ་སྲུང་སྐྱོབ་བྱ་བ་ཏན་ཏིག་སྒོས་སྤེལ་བ་དང་། རྨ་ཆུའི་ཆུ་རྒྱུན་དང་འབྲི་ཆུ། རྫ་ཆུའི་ཞིང་ཆེན་བརྒལ་བའི་ཆུ་མཚམས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་དང་དེའི་ཡན་ལ་སླེབས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སོགས་ཀྱི་འགུལ་སྐྱོད་ཇུས་གཞི་དང་འཆར་འགོད་སྒྲིག་བཟོ་བྱས་པ་དང་། དག་གཙང་ནུས་ཁུངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ཀྱི་གློག་ཤུགས་སྤྱིའི་སྒྲིག་སྦྱོར་འཕྲུལ་ཆས་ཁྲོད་ཀྱི་ཟིན་ཚད་བརྒྱ་ཆའི་གོ་གཅིག་ལ་སླེབས། ཁོར་ཡུག་གི་རྒྱུ་སྤུས་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། 2023ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་བཟང་བའི་ཉིན་གྲངས་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་དྲུག་ལ་སླེབས།
མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་ལྟ་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་དང་མྱུར་དུ་ལེགས་བཅོས་བྱས་ནས། མང་ཚོགས་ཀྱི་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་སྐོར་ཞིག་ཐག་བཅད། 2023ལོའི་ཟླ12པའི་ཟླ་མཇུག་བར་དུ། ལྟ་ཞིབ་ཚན་ཆུང་གིས་སྤྲོད་སྒྲུབ་བྱས་པའི་མང་ཚོགས་ཀྱི་ཞུ་གཏུག་གནད་དོན་སྟོང་གཅིག་བརྒྱ་དང་གོ་གཉིས་ཚང་མ་བསྒྲུབས་ཚར་བ་དང་། ཁེ་ལས་དང་ལས་ཁུངས་བརྒྱ་དང་གྱ་བརྒྱད་ལ་དག་ཐེར་ལེགས་བཅོས་བྱེད་དུ་བཅུག་ལ། གྱོད་དོན་ཐོ་འགོད་བྱས་ནས་ཁེ་ལས་དང་ལས་ཁུངས་སོ་དྲུག་ལ་ཆད་པ་བཅད་པ་དང་། ཞུ་གཏུག་གནད་དོན་བཅུ་གཅིག་མྱུར་ཞིབ་བྱས་ལ། མི་སུམ་བརྒྱ་དང་ཉེར་གཉིས་ལ་དུས་བཅད་གླེང་མོལ་བྱས་པ་དང་། མི་ང་བརྒྱད་ཀྱི་འགན་འཁྲི་རྩད་གཅོད་བྱས།
ལྟ་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་ཐད་ནས་གྲུབ་འབྲས་ཅུང་ཆེན་པོ་བླངས་ན་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཚད་གཞིར་འཛིན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་རེ་བ་དང་བསྡུར་བ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་རེ་སྒུག་དང་བསྡུར་ན། བྱ་བའི་ཐད་ནས་ད་དུང་བར་ཆད་ཡོད་པ་སྟེ།
གཅིག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ཐད་ནས་བར་ཆད་ཡོད། ས་གནས་དང་སྡེ་ཁག་ཁ་ཤས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་གཙོར་འཛིན་པའི་ཐད་ཀྱི་ངོས་ཟིན་ད་དུང་དམའ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་འཁྲི་ལག་བསྟར་བྱེད་ཤུགས་མི་འདང་བར་ལྷོད་གཡེང་ཤུགས་མེད་ཀྱི་གནད་དོན་ལྡན་ལ། ཁ་ཤས་སུ་བྱ་བ་སྤེལ་སྐབས་ཚད་གཞི་མི་མཐོ་བ་དང་། ཁ་ཤས་སུ་སྐྱེ་ཁམས་སྲུང་སྐྱོབ་བྱས་ན་འཕེལ་རྒྱས་བསྐྱུར་འཇོག་པ་དང་འཕེལ་རྒྱས་སུ་བཏང་ན་སྐྱེ་ཁམས་སྲུང་སྐྱོབ་བརྗེད་འགྲོ་བའི་གནད་དོན་ཡོད།
གཉིས་ནི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་ཚད་མི་འདང་བ། ཆུ་གློག་ས་ཚུགས་ཆུང་བའི་གཙང་དག་དག་ཐེར་བྱེད་ཚད་དལ་བ་དང་། ཕྱིར་འབུད་རིགས་ཀྱི་ཁྲོད་དུ་ཚུད་པའི་ཆུ་གློག་ས་ཚུགས་ཆུང་བ་རེ་བཞིའི་ཁྲོད་ཀྱི་ས་ཚུགས་ཉེར་གསུམ་ཕྱིར་འབུད་བྱེད་མ་ཐུབ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ཁུལ་ཁུངས་དང་ཡང་ན་ཞི་གཏོང་ཁུལ་དུ་ཡོད་པའི་ཆུ་གློག་ས་ཚུགས་ཆུང་བ་མང་པོ་ཆེད་དོན་རྩོད་སྒྲུབ་མི་བརྒྱུད་པར་དག་ཐེར་བྱེད་པའི་ཁྲོད་དུ་ཚུད་ནས་རང་དགར་བཞག་ཡོད་ལ། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས་ཆོག་མཆན་བཀོད་པའི་ཆུ་གློག་ས་ཚུགས་དགུ་ཡི་དག་ཐེར་ཇུས་གཞིའི་ཐད་ནས། ཁོར་ཡུག་གནོད་སྐྱོན་གྱི་ཕྱིར་བལྟ་རང་བཞིན་གྱི་དཔྱད་འཇོག་སྙན་ཞུའི་ཁྲོད་ཀྱི་ཉ་རྐྱལ་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་ཆུ་རྐའི་མཉམ་མཐུད་སླར་གསོ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རེ་བ་ལག་བསྟར་དོན་འཁྱོལ་མ་བྱས་པ་དང་། རྟ་ཐང་རྫོང་གིས་ཆོག་མཆན་བཀོད་པའི་ཆུ་གློག་ས་ཚུགས་ཆུང་བ་གཉིས་ཀྱི་དག་ཐེར་ཇུས་གཞིའི་ཐད་ནས་གོང་གསལ་གྱི་རེ་བ་ལག་བསྟར་ནན་མོ་བྱས་ཡོད་པའི་ཚུལ་བསྟན་ན་ཡང་། དོན་དངོས་སུ་འབྲེལ་ཡོད་བྱ་བ་སྤེལ་མེད་པ་དང། མཚོ་ལྷོ་དང་རྨ་ལྷོ། མཚོ་ཤར་སོགས་ཀྱི་ཆུ་གློག་ས་ཚུགས་ཆུང་བའི་སྐྱེ་ཁམས་བཞུར་ཚད་ཐད་ཀྱི་ལྟ་ཞིབ་མི་བཟང་བ་དང་། གཞི་གྲངས་སྒྱུར་བཅོས་བྱས་པ་སོགས་ཀྱི་གནད་དོན་ཡོད།
གསུམ་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཐད་ནས་ཞན་ཆ་ལྡན། ཆུའི་ཐོན་ཁུངས་ཀྱི་རྩ་གནད་ཚོད་འཛིན་ལག་བསྟར་བྱེད་ཚད་མི་འདང་བ་དང་། མཚོ་ཤར་ཕིན་ཨན་ཆུའུ་དང་ཞོན་ཧྭ་རྫོང་གི་ཆུ་བེད་སྡེ་ཁག་གིས་ཆུ་བཀོལ་བའི་ཐད་ནས་དབང་བརྒལ་ཆོག་མཆན་བཀོད་ལ། འབྲེལ་ཡོད་ཁེ་ལས་ཀྱིས་ལོ་རེར་ཙོང་ཆུའི་ཆུ་རྒྱུན་ནས་ཆུ་རྨིད་གྲུ་བཞི་ལྷམ་པ་ས་ཡ་གཉིས་བླངས་པ་དང་། ཟི་ལིང་གྲོང་ཁྱེར་པེ་ཁྲོན་ཆུ་བོའི་སྐྱེ་ཁམས་ཆུ་རྐ་འཛུགས་སྐྲུན་བཟོ་སྐྲུན་གྱིས2018ལོའི་ཟླ9པའི་ཚུན་ནས་འཛིན་ཡིག་མེད་པར་རང་དགར་དུ་ཆུ་བཀོལ་སྤྱོད་བྱས།
བཞི་ནི་མཉམ་འཇོག་བྱེད་དགོས་པའི་གནད་དོན་གཞན་དག ནུས་ཟད་ཀྱི་ཚོད་འཛིན་མི་འདང་བ་དང་། 2021ལོ་ནས2022ལོའི་བར་ནུས་ཟད་ཀྱི་ཚད་བསྡོམས་པས་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་ལ། 2023ལོའི་ལོ་སྟོད་དུ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཅིག་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་། ཞིང་ཆེན་ཡོངས་ཀྱི་ལྕགས་རིགས་བསྲེས་མའི་ཁེ་ལས་ཉེར་བདུན་དང་ཨར་འདམ་ཁེ་ལས་བཅུ་གཉིས་ཁྲོད། སོ་སོར་ཁེ་ལས་བཅུ་དྲུག་དང་ཁེ་ལས་བཞི་ལས་རིགས་ཀྱི་ཚད་གཞི་དང་ཆུ་ཚད་རུ་སླེབས་མེད་ཟེར།
ལྟ་ཞིབ་བྱས་པ་ལས་བླང་བྱ་བཏོན་དོན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་ངེས་གནས་བློ་ལ་བརྟན་པོར་བཅངས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱས་ཏེ། ཆུའི་ཐོན་ཁུངས་དེ་འགྱུར་བ་མེད་པའི་གཅུན་སྡོམ་ཆེ་ཤོས་སུ་བརྩི་དགོས། ཚྭ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མུ་རིའི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཕན་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། རྩ་ཆེ་ཞིང་རྩ་མེད་དུ་འགྲོ་ལ་ཉེ་བའི་སྲོག་ཆགས་ཀྱི་སྤྱིའི་མ་ལག་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། རྩྭ་སར་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་དང་རྩྭ་ཕྱུགས་དོ་མཉམ། ཕྱུགས་བཀག་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། དགུང་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོར་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་གཙང་སེལ་གྱི་ཞན་ཆ་གང་མགྱོགས་ངང་གསབ་པ། ཁོར་ཡུག་གི་ཉེན་ཁ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། མི་དམངས་མང་ཚོགས་ལ་བསམ་འཆར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་ནན་མོ་བྱེད་དགོས། འགན་འཛོལ་དང་འགན་འཁྲི་ཤོར་བའི་གནད་དོན་ལ་འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་སྔར་ལས་གཏིང་ཟབ་བྱས་ནས། འགན་འཁྲི་གསལ་པོ་བཟོ་བ་དང་། གཟབ་ནན་དང་གནད་འཁེལ། ནུས་ལྡན་བཅས་ཀྱི་སྒོ་ནས་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་སྐྱིན་ཚབ་སྤྲོད་པའམ་སྤྱི་ཕན་གཏུག་བཤེར་བྱེད་དགོས་ངེས་ཀྱི་རིགས་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
ལྟ་ཞིབ་བྱས་པ་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྟ་ཞིབ་སྙན་ཞུ་གཞིར་བཟུང་ནས། 《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བའི་བྱེད་ཐབས》ཀྱི་བླང་བྱ་ལྟར་དུ། བཅོས་སྒྲིག་ཇུས་གཞིར་ཞིབ་འཇུག་བྱས་ནས་དངོས་སུ་བཟོས་ཏེ། ལས་ཀའི་ཉིན་གྲངས45ཡི་ནང་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འབུལ་དགོས། དག་ཐེར་ཇུས་གཞི་དང་དག་ཐེར་བྱས་པའི་གནས་ཚུལ་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ལ་བསྒྲག་དགོས།
ལྟ་ཞིབ་ཚན་ཁག་གིས་ད་དུང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པ་ཤེས་རྟོགས་བྱུང་བའི་འགན་འཁྲི་བདའ་འདེད་གཏོང་བའི་གནད་དོན་ལ་དབྱེ་ཞིབ་བྱས་ནས། འབྲེལ་ཡོད་གཏན་འབེབས་ལྟར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཐག་གཅོད་བྱ་རྒྱུར་སྤྲད།
ཁྲིན་ཀང་གིས་གཏམ་བཤད་སྐབས། ལྟ་ཞིབ་སྙན་ཞུ་དེ་གནས་ལུགས་དང་མཐུན་ལ། གནད་ལ་འཁེལ་ཞིང་དངོས་ཐོག་བདེན་འཚོལ་ཡིན་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་ཐད་གནས་པའི་གནད་དོན་མངོན་གསལ་ཅན་ཡང་གནད་ཁེལ་ངང་བསྟན་ཡོད། ང་ཚོས་ལྟ་ཞིབ་ཀྱི་བསམ་འཆར་ཚང་མ་བསྡུ་ལེན་བྱས་ནས། བསམ་འཆར་དེ་དག་ནི་མ་འོངས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཡག་པོར་བསྒྲུབ་པའི་འབད་བརྩོན་གྱི་ཁ་ཕྱོགས་སུ་བརྩི་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་རང་རྟོགས་སྒོས་གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ཀྱི་ཞིབ་བཤེར་གལ་ཆེན་མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་ཡུལ་དུ་འཛིན་པ་བཅས་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཛིན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ཆབ་སྲིད་ཀྱི་ངོས་ནས་ལྟ་བ་དང་ཆབ་སྲིད་ཀྱི་སྟེང་ནས་གཉེར་བ། ཆབ་སྲིད་ཀྱི་ངོས་ནས་དག་ཐེར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རིག་པ་གསལ་བོ་ཡིན་པའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་འགྱུར་བ་མེད་པའི་ཆོད་སེམས། དངོས་གཉེར་ནུས་ལྡན་གྱི་བྱ་བའི་བྱེད་ཐབས་བཅས་ལ་བརྟེན་ནས། ལྟ་ཞིབ་ལས་བསྟན་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། མང་ཚོགས་ལ་བསམ་འཆར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཚད་གཞི་མཐོ་བའི་སྒོ་ནས་ཐག་གཅོད་བྱེད་དགོས། ལྟ་ཞིབ་ལས་བསྟན་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་འགན་འཁྲི་བརྟན་པོར་འཁུར་བ་དང་མཚོ་སྔོན་གྱི་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།