ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་བསྡུས།
2024.02.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཟླ2པའི་ཚེས27ཉིན། ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་བཅར་བྱ་བའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་དང་མི་དམངས་ཀྱི་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། 2023ལོའི་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བར་ཕྱོགས་བསྡོམས་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ། 2024ལོའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།  སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་ཡིས་འགོ་འཛིན་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མིག་སྔར་འཕྲད་པའི་གནས་བབ་འགྱུར་ལྡོག་དང་ཉེན་ཁའི་འགྲན་སློང་ལ་རྒྱུས་ལོན་གཏིང་ཟབ་དང་དམ་འཛིན་ཡང་དག་བྱས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་དེ་དོན་དངོས་ཀྱི་བྱ་བའི་ཕན་འབྲས་སྟེང་མངོན་པར་བྱེད་དགོས། ཏང་གི་འཕྲིན་བཅར་བྱ་བའི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་འཕྲིན་བཅར་གྱི་འགལ་བ་སེལ་བ་དང་། འཕྲིན་བཅར་གནད་དོན་གྱི་འབྱུང་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་པ། འཕྲིན་བཅར་གྱོད་དོན་རྒྱུན་མཐུད་དུ་ཐག་གཅོད་པ་དང་། འཕྲིན་བཅར་བྱ་བའི་རྐྱེན་སྲོལ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ལྟ་ཞིབ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། མི་དམངས་ཀྱི་དཀའ་ཁག་སེལ་བ་དང་། ཏང་གི་སེམས་ཁུར་ཇེ་ཡང་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ནས། དུས་རབས་གསར་བ་དང་རྒྱང་སྐྱོད་གསར་བའི་འཕྲིན་བཅར་བྱ་བའི་རྣམ་པ་གསར་བ་ནུས་ཤུགས་ཡོད་རྒུས་བཏོན་ནས།  སྔར་ལས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་སྤྱི་མཐུན་རྒྱལ་ཁབ་དབུས་བརྙེས་ནས་ལོ་དོན་ལྔ་འཁོར་བར་བསུ་བ་བྱེད་དགོས།

གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་ཁུལ། རྨ་ལྷོ་ཁུལ། ཞིང་ཆེན་ཁྲིམས་འཛིན་ཐིན།  ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་ཀྱིས་བརྗེ་རེས་གཏམ་བརྗོད་སྤེལ།

ལྷ་མོ་འཚོས་བསྒྱུར།