ཟླ2པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་དངུལ་རྩའི་བྱ་བར་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། དངུལ་རྩ་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པ། དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་པ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པ་ནན་བཤད་བྱས།
ཁྲིན་ཀང་སྔ་གཞུག་ཏུ་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་དང་། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ནོར་སྲིད་པུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་སྒྲུབ་ཁང་། ཞིང་ཆེན་ས་གནས་དངུལ་རྩ་དོ་དམ་ཅུའུ་བཅས་ལ་སོང་སྟེ། བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ནན་ཏན་གྱིས་ཉན་པ་དང་། འབྲེལ་ཡོད་ལས་དོན་ཁྲུའུ་དང་གཞུང་སྒྲུབ་ཁང་གི་ལས་བྱེད་ལས་བཟོ་པ་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས་ཤིང་། དངུལ་རྩ་འཛད་སྤྱོད་པའི་ཞུ་གཏུག་ཁེ་དབང་དང་། གྲོང་གསེབ་ཀྱི་དངུལ་རྩ་ལས་ཁུངས་འབྲིང་ཆུང་གི་ལྟ་སྐུལ་དོ་དམ་དང་བཅོས་སྒྱུར་འཕེལ་རྒྱས། ཡིད་རྟོན་འདྲི་རྩད་དོ་དམ་ཞབས་ཞུ། དངུལ་རྩའི་རྩིས་སྤྲོད་གཙང་སེལ་དང་སྤྱི་ཚོགས་དངུལ་རྩ་འཁོར་རྒྱུག་འཁོར་སྐྱོད། ནོར་སྲིད་དངུལ་རྩའི་ལྟ་སྐུལ་དོ་དམ། ས་གནས་ཀྱི་བུ་ལོན་ཉེན་ཁ་འགོག་སེལ་བྱེད་པ། དངུལ་རྩའི་བཅོས་སྒྱུར་འཕེལ་རྒྱས། མ་རྩ་ཁྲོམ་ར་འཛུགས་སྐྲུན་དང་ཁེ་ལས་ཚོང་འདྲེན་གསོ་སྐྱོང་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཚང་མས་དུས་ཡུན་རིང་བོར་གཙོ་འགན་གཙོ་ལས་དམིགས་སུ་བཟུང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱེད་ནུས་ཆེན་པོ་བཏོན་པར་བཀའ་དྲིན་ཆེ་ཞུས། ཁྲིན་ཀང་གིས་བསྟན་དོན། ཀྲུང་དབྱང་དངུལ་རྩ་བྱ་བའི་གྲོས་ཚོགས་ནི་རང་རྒྱལ་གྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། དར་ཆ་གསལ་སྒྲེང་གིས་ཏང་གི་དངུལ་རྩ་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། འགན་འཁྲི་འོས་འགན་ཕྲག་ཏུ་ཁུར་བ་དང་། འགན་ནུས་བྱེད་ནུས་འདོན་སྤེལ་བྱས་ནས། དངུལ་རྩ་བྱ་བས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྤུས་ཚད་མཐོ་བའི་ཞབས་འདེགས་ཞུ་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་ཁྲག་རྒྱུན་ལྟ་བུ་ཡིན་ལ། དངུལ་རྩའི་ཁྲོམ་ར་ནི་དཔལ་འབྱོར་འཁོར་སྐྱོད་མཚོན་རྟགས་མངོན་གསལ་ཡིན་པས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། ལྟ་སྐུལ་དོ་དམ་དང་ཞབས་ཞུ་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩ་ལས་ཁུངས་ཀྱི་སྣེ་ཁྲིད་ནས་ཞབས་ཞུ་མུ་མཐུད་དུ་ལེགས་སྒྱུར་བྱེད་པ་དང་། རང་ཞིང་གི་དངུལ་རྩ་ལས་དོན་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པར་ཤུགས་བཏོན་ཏེ། ལྟ་སྐུལ་དོ་དམ་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་འདེགས་པ་དང་། ཡང་འབད་བསྐྱར་འབད་དང་བདེན་སྲུང་གསར་གཏོད་བྱས་ནས། ཁུལ་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། ནོར་སྲིད་ལྟ་སྐུལ་ཤུགས་དྲག་དང་ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་ནན་མོ་ཡོང་བར་བྱེད་པ། ཏང་ཡོན་ལས་བྱེད་པའི་སྒྲིག་སྲོལ་སྒྲིག་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ནོར་སྲིད་ཐོན་ཁུངས་སྡེབ་སྒྲིག་ལས་ཕྱོད་དང་ནོར་སྲིད་དངུལ་རྩའི་བཀོད་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། མཚོ་སྔོན་གྱི་གནས་ཚུལ་དངོས་དང་དམ་པོར་སྦྲེལ་བ་དང་། མཐོ་ས་དང་གནས་བཞི་བསྐྲུན་པར་དམིགས་ཏེ། ཤུགས་ཆེན་པོས་ལྷད་མེད་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་། སྤྱི་ཕན་དངུལ་རྩ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་སྒྱུར་བྱེད་པར་རོགས་རམ་གང་ལེགས་བྱེད་པ། དངུལ་རྩ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། མ་རྩ་ཁྲོམ་རའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་ཞུ་གང་ལེགས་སྒྲུབ་དགོས།
ཀྲུའུ་ཞང་ཧྥིན་དང་། ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།