རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིང་དུ་གྲོལ།
2024.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ2པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།  ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་འགོ་འཛིན་གནང་། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཁབ་ཀྱི་གསང་བ་སྲུང་བའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྩ་དོན་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་ལ་གྲོས་འཆམ་བྱུང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་བྱ་བའི་སྙན་ཞུ་འབུལ་རྒྱུའི་གྲོས་འགོ་བཏོན།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གྲོས་ཚོགས་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཟུར་ཞུགས་མི་སྣའི་མིང་ཐོ་སོགས་ལའང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་འབྲེལ་ཡོད་ལས་དོན་ཡོངས་འགྲུབ་བྱས་རྗེས། ཀྲའོ་ལི་ཅི་ཡིས་གསུང་བཤད་གནང་།

ཀྲའོ་ལི་ཅི་ཡིས་ད་ཐེངས་ཀྱི་ཚོགས་འདུའི་སྟེང་དུ། སྔོན་ལ་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཟུར་ཞུགས་བློ་མཐུན་གྱིས་སྐབས་འདིའི་འགན་ནུས་ལག་བསྟར་བྱེད་པའི་ལོ་ཐོག་མའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་ལ་ཡོངས་ཁྱབ་ཏུ་མོས་མཐུན་བྱུང་ཡོད། གྲོས་ཞིབ་དངོས་ཀྱི་སྐབས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། སྙན་ཞུའི་འཆར་ཟིན་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་གང་ལེགས་བྱས་ཏེ། གོ་རིམ་ལྟར་དུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་ད་ལོ་ནི་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲའོ་ལི་ཅི་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཁབ་ཀྱི་གསང་བ་སྲུང་བའི་བཅའ་ཁྲིམས་ནང་། གསང་བ་སྲུང་བའི་བྱ་བའི་་གཞི་རྩའི་རྩ་དོན་ཁ་གསལ་བཟོས་ཡོད་ཅིང་། གསང་བ་སྲུང་བའི་དོ་དམ་ལམ་ལུགས་དང་ལྟ་སྐུལ་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས། གནས་བབ་གསར་བའི་འོག་གསང་བ་སྲུང་བའི་བྱ་བ་ཡག་པོར་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད་ཁྲིམས་སྐྱོང་གི་འགན་ལེན་སྔར་ལས་ནུས་ལྡན་མཁོ་འདོན་བྱས་ཡོད། འབྲེལ་ཡོད་ཕྱོགས་ཀྱིས་ཁྲིམས་ལུགས་ཁྱབ་བརྡལ་དུ་གཏོང་བའི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་། མ་ལག་ཚང་བའི་གཏན་འབེབས་གང་མགྱོགས་ངང་བཏོན་ནས། བཅའ་ཁྲིམས་ནུས་ལྡན་ངང་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ལ་ཉེ་བས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་དྲག་པོར་བརྟེན་ནས། གྲ་སྒྲིག་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བཅས་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་ནན་གྱིས་གསུངས།

ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་དགུ་པ་སྤེལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འཆད་ཁྲིད་ལ་འགོ་འཛིན་གནང་། ཀྲུང་གོ་ཁྲིམས་ལུགས་རིག་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞུས་ཞན་མེན་གྱིས《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཁྲིམས་སྐྱོང》ཞེས་པ་ཁ་བྱང་དུ་བཟུང་ནས་འཆད་ཁྲིད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།