ཚེས28ཉིན་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་སྤྱི་བསྡོམས་གྲོས་ཚོགས་པེ་ཅིང་དུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་སྤྱི་བསྡོམས་སྙན་ཞུའི་ཐོག་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོང་གིས་བསྟན་དོན། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“གཏན་ཕབ་གཉིས”ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བཟང་བོར་སྒྲུབ་པ། སློབ་གསོ་དག་ཐེར་བྱེད་སྟངས་ཀྱི་ཉམས་མྱོང་སྤྱི་བསྡོམས་གཏིང་ཟབ་བྱེད་པ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རང་ངོས་ཀྱི་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ་བཅས་བྱས་ཏེ། སྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ལིས་ཞི་ཡིས་བསྟན་དོན། སློབ་གསོ་དག་ཐེར་སྤེལ་བ་ནི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་ཚུགས་པའི་ལོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལོ་གཅིག་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་སྒྲིག་ཨུ་དང་རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སློབ་གསོ་དག་ཐེར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆབ་སྲིད་ཀྱི་སྟེང་ནས་བློ་དཀར་སེམས་དཀར་བྱེད་པ་དང་། དཔུང་སྡེར་གནོད་པའི་མི་ངན་གཙང་སེལ་བྱེད་པ། དོ་དམ་ནན་མོ་དང་མ་ལག་འཐུས་ཚང་དུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་བསམ་བློ་དྭངས་གཙང་དང་རྩ་འཛུགས་དྭངས་གཙང་ཡོང་བར་བྱས་ལ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་སློབ་གསོ་དག་ཐེར་དམ་འཛིན་བྱས་པས། ཁོངས་གཏོགས་ཀྱི་ལས་བྱེད་པ་ཡོངས་ཀྱིས་བསམ་བློའི་ངོས་ཟིན་མཐོར་འདེགས་བཏང་སྟེ་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཐེངས་གཅིག་བྱས་པ་དེས། བསམ་བློ་ཆབ་སྲིད་དང་སྒྲིག་ཁྲིམས་སྤྱོད་ཚུལ། དོ་དམ་ལྟ་སྐུལ། འགན་འཁྲི་སྒྲུབ་པའི་འཇོན་ཐང་བཅས་གསར་དུ་མཐོར་འདེགས་བཏང་ཡོད། སློབ་གསོ་དག་ཐེར་བྱ་བ་དེ་ཧ་ཅང་དུས་ཐོག་ཏུ་འཁེལ་བ་དང་དགོས་གལ་ཧ་ཅང་ཆེ་ལ། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ལོ་གཅིག་གི་རིང་སྤེལ་བའི་ཕན་འབྲས་འབུར་ཐོན་ཡིན་ལ་ནུས་པ་མངོན་གསལ་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་གསལ་བོ་བྱས་ཡོད།
ལིས་ཞི་ཡིས་བསྟན་དོན། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པ་དང་། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ལྷག་བསམ་རྣམ་དག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་ཅིག་བསྐྲུན་རྒྱུ་ནི་རྟག་བརྟན་གྱི་དཔྱད་གཞི་ཞིག་རེད། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས“གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ངང་གོང་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་འགན་འཁྲི་དང་ལས་འགན་དེ་ཨང་དང་པོར་བཞག་སྟེ། བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་སྐུ་སྲུང་པ་བྱེད་དགོས་ཞེས་བསྟན།