ཟླ2པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་དུ་བསྡུས་ཏེ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2023ལོའི་བྱ་བ་སྤེལ་བའི་གནས་ཚུལ་སྤྱི་སྡོམ་བྱས་པར་མ་ཟད། 2024ལོའི་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་དུ། 2023ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དམ་འཛིན་ནན་མོ་བྱས་ཏེ་ཕྱོགས་ཡོངས་ལ་འཆར་འགོད་དང་བཀོད་སྒྲིག་བཟང་བོ་བྱས། དེ་མིན། བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། དུས་རབས་གསར་བའི་ཁྱིམ་ཚང་སློབ་གསོ་བྱ་བའི་དགོས་མཁོ་གསར་བ། ཁྱིམ་ཚང་གི་འགལ་བ་རྩོད་གཞི་འགོག་ཟོན་དང་ཐག་གཅོད་པ་སོགས་ཕྱོགས་ལ་དམིགས་ནས་སྡེ་ཁག་མང་པོ་དང་མཉམ་འབྲེལ་གྱིས་བྱ་བ་སྤེལ་ཏེ་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བཟང་བོ་བྱས། དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་དཔའ་མོའི་གཏམ་རྒྱུད་བཟང་བོར་བཤད་པ་དང་། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ཞིང་། སྔོན་ཐོན་བྱས་རྗེས་འགྲེམ་སྒྲོག་དང་དྲིལ་སྒྲོག་སྒྲོག་འགྲེལ་བྱས། དཔེ་སྟོན་སྐུལ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཚོང་རྟགས་ཀྱི་ཕན་ནུས་བསྐྲུན་ཞིང་། བྱ་འགུལ་སྤེལ་རྒྱུ་དམ་འཛིན་བྱེད་སར་བྱས་པ་དང་ཚོང་རྟགས་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ལ། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་གཞི་རྩར་བྱས་ཏེ་གོང་འོག་མཉམ་སྒུལ་གྱིས་ཤུགས་བཏོན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ལྡན་པ་དང་ཁྱད་ཆོས་མངོན་གསལ་ཡིན་པ། མང་ཚོགས་ཟབ་ཞུགས་ཚད་མཐོ་བའི་བུད་མེད་ཀྱི་ཚོང་རྟགས་མང་པོ་སྔ་རྗེས་སུ་བསྐྲུན་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཤུགས་རྐྱེན་དང་ངོས་འཛིན་ཚད་སྔར་ལས་ཇེ་དྲག་ཏུ་བཏང་ཞེས་བསྟན།
གྲོས་ཚོགས་སྟེང་དུ། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་ལོ་ཡིན་པར་མ་ཟད། ཀྲུང་གོའི་བུད་མེད་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་རྩོམ་པའི་ལོའང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་བྱ་བ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་ལ་དམ་དུ་དམིགས་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ་དུས་རབས་གསར་པའི་བུད་མེད་བྱ་བའི་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ད་རུང་འབྲེལ་ཡོད་མི་དོན་དོན་དག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗེ་རེས་གཏམ་བཤད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།